འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་16ཉིན།

༄༅།།ལེ་དབར་སྟོང་གི་སར་བསྐུར་བའི་བོད་སྐྱོར་ལས་བྱེད་པའི་སེམས་འཕྲེང“འཕྲིན་ཡིག”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་16ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཙེ་ཧའོ་དང་། ཧོང་ཡའོ་མན།
   2016ལོར་ཧྥུའུ་ཅན་ཞིང་ཆེན་གྱིས་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པ་བོད་དུ་ལས་དོན་སྒྲུབ་པར་གཏོང་བའི་སྐབས། ཞ་མོན་ཆ་འཕྲིན་སློབ་གྲྭའི་ཆ་འཕྲིན་པུའི་སློབ་ཁྲིད་པུའུ་ཀྲང་གི་འགན་འཁུར་ཞིང་ལོ་52ལ་སླེབས་པའི་ལིའུ་སིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བོད་ལ་བསྐྱོད་རྒྱུའི་མིང་ཐོ་བཀོད་པའི་རེ་ཞུ་བསྐྱལ་ནས“བོད་སྐྱོར་ལ་འགྲོ་རྒྱུ་དེ་སྔར་ནས་ད་བར་ངའི་བསམ་འདུན་ཡིན”ཞེས་བརྗོད།
     བོད་ལ་སྐྱོད་པའི་དུས་ཚོད་སླེབས་ལ་ཉེ་བ་དང་ལིའུ་སིས་ཀྱང་གྲ་སྒྲིག་ཡག་པོ་བྱས་ཟིན་པའི་སྐབས། ཁོང་གི་བཟའ་ཟླ་ཝང་ཀང་གློ་བུར་དུ་སྙིང་ནད་ལངས་ནས་སྨན་ཁང་ལ་སྡོད་དགོས་བྱུང་ཞིང་། དེའི་ཚེ་ལིའུ་སིའི་སེམས་པ་རེ་ཞིག་རྟབ་རྟབ་པོར་གྱུར།
    ལིའུ་སིས་ཕྱོགས་གཅིག་ནས་ཉལ་ཁྲིར་ལུས་པའི་བཟའ་ཟླར་ལྟ་རྟོག་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བོད་ལ་འགྲོ་དགོས་མིན་བསམ་གཞིག་གི་ཀློང་དུ་ཚུད། ཞིབ་ཚགས་པའི་བཟའ་ཟླས་ལིའུ་སི་བློ་ཐག་ཆོད་མེད་པ་ཤེས་ནས“ངས་ཁྱེད་བོད་སྐྱོར་བྱེད་པར་འགྲོ་འདོད་ཡོད་པ་ཤེས་ཀྱི་འདུག ཁྱེད་བློ་བདེ་པོའི་ངང་ཕྱིན་ན་འགྲིག ང་ག་ལེར་དྲག་སྐྱེད་ཡོང་བས། ང་རང་སོ་སོས་ལྟ་རྟོག་བྱེད་ཐུབ”ཅེས་སེམས་གསོ་བཏང་།
    ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30ཙམ་སོང་བའི་རིང་། བོད་སྐྱོར་ལས་བྱེད་པ་མང་པོ་སྔ་རྗེས་སུ་ས་མཐོར་བོད་ལྗོངས་འཛུགས་སྐྲུན་བྱེད་པར་བསྐྱོད་ཡོད། ཕ་ཡུལ་དང་བར་ཐག་ལེ་དབར་སྟོང་གིས་ཆོད་པའི་སྐབས། སྔོན་མ་བོད་སྐྱོད་ལས་བྱེད་པས་གཉེན་ཉེར་བཅངས་པའི་སེམས་འཕྲེང་འཕྲིན་ཡིག་བྲིས་ནས་བསྐུར་གྱི་ཡོད། ད་ཆ་འཕྲིན་གཏོང་ཡོ་ཆས་ཟམ་མི་ཆད་པར་ཡག་ཏུ་ཕྱིན་ཏེ་ཁ་པར་དང་། སྐད་འཕྲིན། བརྙན་ལམ་སོགས་ཀྱིས་ཕན་ཚུན་འབྲེལ་གཏུག་བྱ་རྒྱུ་ཧ་ཅང་སྟབས་བདེ་རུ་སོང་ནས་དེ་དག་སེམས་འཕྲེང“འཕྲིན་ཡིག”བསྐུར་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད། དུས་ཚོད་འགྱུར་ནས་སྤྱི་ཚོགས་ལ་འཕོ་འགྱུར་བྱུང་ཡང་གཉེན་ཉེར་བཅངས་པའི་འཕྲེང་སེམས་ནམ་ཡང་འགྱུར་མེད།
    མི་གཅིག་གིས་བོད་སྐྱོར་བྱས་ན། དེའི་ཁྱིམ་མི་ཚང་མས་བོད་སྐྱོར་བྱེད་ཀྱི་ཡོད། “བཟའ་ཟླ་ལས་བྲེལ་སྐབས་ལོ་གཅིག་ནང་ཁྱིམ་དུ་ལོག་པའི་དུས་ཚོད་ཉུང་ཉུང་ཡིན་པ་མ་ཟད། ཕྲུ་གུའང་སློབ་ཆེན་འགྲིམ་བཞིན་ཡོད་པས་ང་ཚོ་ཁྱིམ་མི་གསུམ་ཀ་ས་ཆ་གསུམ་ལ་སོ་སོར་གནས་པས། སྤྱིར་སྐད་འཕྲིན་ནས་འབྲེལ་བ་བྱེད་པར་བརྟེན་དྲ་གྲོགས་ལྟ་བུར་གྱུར་ཡོད”ཅེས་ཝང་ཀང་གིས་གསར་འགོད་པར་བཤད་པ་དང་། ཁོང་གིས“ང་དང་ཕྲུ་གུའི་སེམས་པ་ཡང་ལིའུ་སི་དང་མཉམ་དུ་བོད་ལ་ཕྱིན་པའི་ཚོར་སྣང་འདུག”ཅེས་བཤད།
    ལིའུ་སི་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ཁག་བརྒྱད་པ་དང་དགུ་པའི་ལས་ཀར་སྔ་རྗེས་སུ་ཞུགས་ནས་བོད་ཀྱི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དུ་ཚན་རིག་དང་མཐུན་པའི་སློབ་གསོ་འཆར་འགོད་འགོ་ཁྲིད་ཚོགས་ཆུང་འཛུགས་རོགས་བྱས་ཏེ། བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་དགེ་རྒན་འཕེལ་རྒྱས་གཏོང་བའི་གསོ་སྦྱོང་ལྟེ་གནས་བཙུགས་པ་དང་། རང་ཉིད་ཀྱིས་སྒོར་ཁྲི་10ཙམ་བཏོན་ཏེ་དུད་ཚང་དབུལ་པོའི་བཀྲ་ཤིས་རྒྱལ་མཚན་དང་བྱམས་པ་ཆོས་སྒྲོན་མིང་སྲིང་གཉིས་སློབ་གྲྭ་མཐར་ཕྱིན་ཡོང་བར་རོགས་པ་བྱས་པས་དེ་གའི་མི་རིགས་མཐུན་སྒྲིལ་གྱི་བསྔགས་བརྗོད་བྱ་ཡུལ་དུ་གྱུར། སེམས་ནུས་ཡོད་རྒུ་སློབ་ཁྲིད་ཀྱི་འཐབ་ས་དང་པོར་བཞག་པས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གཉིས་པའི་སློབ་མ་ཚོས“ཨ་མ་ལིའུ་ལགས”ཞེས་འབོད་པ་བཅས་རེད།
    2021ལོར་ལིའུ་སི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་ལ་བདམས་ཤིང་། “ལོ་དེ་དག་རིང་། ཁྱིམ་མིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་མ་བྱས་ཚེ། ངའི་སེམས་ནུས་ཚང་མ་བོད་སྐྱོར་ལས་དོན་ལ་འདོན་མི་ཐུབ་པས། ཁོང་ཚོས་བློས་གཏོང་མང་པོ་བྱས་ཡོད”ཅེས་ལིའུ་སིས་བརྗོད།
    “ཁྱིམ་མིར་བཅངས་པའི་དྲན་སེམས་ཁ་པར་བརྒྱུད་ནས་ཕན་ཚུན་ཤོད་རེས་བྱེད་ཀྱི་ཡོད”ཅེས་བོད་སྐྱོར་ལོ་གསུམ་རིང་། ཨན་ཧུའེ་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་ཕེ་ཧན་ལུང་གིས་ཉིན་ལྟར་ཁྱིམ་མིར་ཁ་པར་གཏོང་བའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་མེད།
    “རང་ཉིད་ཀྱི་བཟའ་ཟླ་ལས་བྲེལ་ཆེ་བར་བརྟེན་སྐད་འཕྲིན་ལ་རྒྱུན་དུ་ལྟ་ཁོམ་མེད་པས། ངེད་གཉིས་ཕལ་ཆེ་བ་ཁ་པར་ནས་འབྲེལ་བ་བྱེད་ཀྱི་ཡོད”ཅེས་ཕེ་ཧན་ལུང་གི་བཟའ་ཟླ་ཁྲེང་པང་ཡུས་ཀྱིས་བརྗོད།
    “ཕྱིར་ལས་ཀ་བྱེད་སྐབས། ཉན་འདོད་ཤོས་ནི་ཁྱིམ་མིས་བཏང་བའི་ཁ་པར་ཡིན་ལ། དངངས་སྐྲག་ཆེ་ཤོས་ཀྱང་ཁྱིམ་མིས་བཏང་བའི་ཁ་པར་ཡིན། གང་ལགས་ཤེ་ན། ཁྱིམ་དུ་གནས་ཚུལ་འདྲ་ཐོན་མེད་དམ་སྙམ་པས་ཡིན”ཞེས་2020ལོའི་ཟླ་12པར་སྒྱུག་མོ་གྲོངས་པའི་གནས་ཚུལ་ཐོས་རྗེས་ཕེ་ཧན་ལུང་སེམས་སྡུག་གིས་མནར་ཡང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལ་མུ་མཐུད་ལས་ཀ་བྱས་ནས་བསྡད་པའི་མྱོང་བ་བརྗོད།
    རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤར་འདབས་སུ་གནས་པའི་མཚོ་སྣ་རྫོང་ལེགས་པོ་རོང་ལ་དྲོད་ཚད་ཆེ་ཞིང་བཞའ་ཚན་ཆེན་པོ་ལྡན་པས། དེ་གར་ཇ་འདེབས་པའི་ལོ་རྒྱུས་རིང་པོ་ཡོད་མོད། འོན་ཀྱང་ལག་རྩལ་རྗེས་ལུས་ཐེབས་པའི་རྐྱེན་གྱིས་ཇ་འདེབས་ཐོན་ལས་འཕེལ་རྒྱས་འགྲོ་འགོར་པོ་ཡོད།
    2019ལོར། ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པ་སླེབས་པའི་རྗེས་མུའུ་100ཟིན་པའི་ཇ་འདེབས་ར་བར་འཕྲུལ་ཆས་ཀྱི་རྨོ་འདེབས་དང་། སྐྱེ་ལྡན་ལུད་རྒྱག་པ། བར་གསེང་ལ་ཇ་འདེབས་པ་སོགས་ཀྱི་ཇ་སྡོང་རྙིང་པ་བསྐྱར་སྐྱེས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པས་ཇ་འདེབས་ར་བར་གསོན་ཤུགས་གསར་པ་རྒྱས་ཡོད། དེས་མ་ཚད་ཇ་ལོ་འཐུ་བའི་ལག་རྩལ་བཟོ་པ་གསོ་སྦྱོང་གི་འཛིན་གྲྭ་གཉེར་ནས་ཇ་ལོ་འཐུ་བའི་མཉམ་ལས་ཁང་ལ་ལག་ཤེས་ལེགས་བཅོས་དང་། སྤུས་ཚད་ལེགས་གཏོང་། སྤུས་རྟགས་གཏོད་རོགས་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་ཡོད།
   “ཇ་འདེབས་ར་བར་ལས་ཀ་བྱས་པར་ཉིན་རེར་སྒོར་200ཡོད་པ་དང་། ལོ་མཇུག་ཏུ་བགོ་འགྲེམ་ཡང་ཡོད་པས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ཀྱི་འདུག”ཅེས་ལོ་28ལ་སླེབས་པའི་ཚེ་རིང་དབང་མོ་སློབ་ཆེན་ཐོན་རྗེས། ཕ་ཡུལ་ལེགས་པོ་རོང་ལ་ཡོང་ནས་ལས་ཀ་བྱེད་ཚུལ་བརྗོད།
   གྲུབ་འབྲས་དེ་དག་ཐོབ་པ་ནི་ཕེ་ཧན་ལུང་སོགས་བོད་སྐྱོར་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད། བོད་སྐྱོར་བྱེད་རིང་། ཕེ་ཧན་ལུང་གིས་མཚོ་སྣ་རྫོང་གི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས་ཞིང་ནང་མུ་ཁར་བརྟག་དཔྱད་དང་། གང་སར་ཕྱིན་ནས་འབྲེལ་གཏུག་བྱ་ཡུལ་འཚོལ་བ། སུན་སྣང་མེད་པར་མང་ཚོགས་ཀྱི་བསམ་བློའི་ལས་དོན་སྒྲུབ་པ་བཅས་བྱས་པར་བརྟེན“ལས་ལ་བརྩོན་པའི་ཕོ་ཁྱོ་གར”ཚང་མས་ངོས་འཛིན་བྱེད་ཀྱི་ཡོད།
    ན་ནིང་གི་ཟླ་གཉིས་པར། ལོ་71ལ་སླེབས་པའི་ཕེ་ཧན་ལུང་གི་ཕར་གློ་བུར་དུ་ནད་གཞི་ལྕི་པོ་ཕོག་ནས་སྨན་ཁང་དུ་སྡོད་དགོས་བྱུང་བ་རེད། གནས་ཚུལ་དེ་ཤེས་རྗེས། སེམས་པ་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟ་བུར་གྱུར་པའི་ཕེ་ཧན་ལུང་བྲེལ་འཚུབ་ངང་ཕར་ལྟ་བར་བསྐྱོད་ཀྱང་། ཉིན་20ཙམ་གྱི་རྗེས་སླར་ཡང་བོད་སྐྱོར་ལས་གནས་སུ་ཕྱིར་ལོག་པ་དང་། བར་ཐག་ལེ་དབར་སྟོང་གིས་ཆོད་པར་ཁོང་གིས་ཁ་པར་ནས་ཕའི་གནས་ཚུལ་འདྲི་རྒྱུ་ལས་མ་འདས།
   “བུ་ཁྱོད་བློ་བདེ་པོའི་ངང་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱས་ནས་དེ་གའི་མང་ཚོགས་ལ་ཕན་པ་སྐྲུན་དགོས”ཞེས་ཕས་ཁ་པར་ནང་མངག་ཆ་ཡང་ཡང་བྱེད་བཞིན་དུ་བཤད། ཕེ་ཧན་ལུང་གིས“རང་ཉིད་གཅིག་པུ་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་པ་མིན་པར་ད་དུང་ཁྱིམ་མིས་ཀྱང་ང་ལ་རེ་བ་ནན་པོ་བཅོལ་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བརྗོད།
   ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་པ་དང་། གངས་ལྗོངས་ལ་གཞིས་ཚུགས་ནས་ལང་ཚོ་སྐྱེས་སུ་འབུལ་བ་ནི་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པའི་དངོས་ཡོད་གནས་ཚུལ་བརྗོད་པ་ཞིག་རེད།