འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།ཨ་རིའི་ཁྲོམ་ར་ནས་ཀྲུང་གོའི་ཁེ་ལས་ཁག་ཅིག་ཕྱིར་འཐེན་བྱ་རྒྱུའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 14:30】  

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
     དྲི་བ། ཉེ་ཆར། ཀྲུང་གོའི་ཁེ་ལས་ཁག་ཅིག་གིས་ཨ་རིའི་ཁྲོམ་ར་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལྟ་སྟངས་གང་ཞིག་འཛིན་ཡོད་དམ།
     དྲིས་ལན། ང་ཚོས་འབྲེལ་ཡོད་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་ཀྱི་ཡོད། ཁྲོམ་རར་ཞུགས་པའམ་འཐེན་པའི་བྱ་སྤྱོད་གང་དང་གང་མ་རྩའི་ཁྲོམ་རའི་རྒྱུན་རྣམ་ཞིག་རེད། འབྲེལ་ཡོད་ཁེ་ལས་ཀྱི་སྤྱི་བསྒྲགས་ཆ་འཕྲིན་ལ་གཞིགས་ན། ཁེ་ལས་དེ་དག་ཨ་རིའི་ཁྲོམ་རར་ཞུགས་པ་ནས་བཟུང་ཨ་རིའི་མ་རྩའི་ཁྲོམ་རའི་སྒྲིག་སྲོལ་དང་ལྟ་སྐུལ་དོ་དམ་གྱི་བླང་བྱར་བརྩི་སྲུང་ནན་པོ་བྱས་ཡོད། ཁྲོམ་ར་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད་དེ་ཁེ་ལས་རང་ངོས་ཀྱི་ཚོང་ལས་ལ་བསམ་གཞིག་བྱས་པ་ཞིག་རེད། ཁེ་ལས་དེ་དག་གིས་ས་ཆ་མང་པོའི་ཁྲོམ་རར་ཞུགས་ཡོད་ཅིང་། ཨ་རིའི་ཁྲོམ་རར་ཞུགས་པའི་དངུལ་འཛིན་བཟུང་ཚད་ཧ་ཅང་ཉུང་ཉུང་ཞིག་རེད། མིག་སྔར་ཨ་རིའི་ཁྲོམ་ར་ནས་ཕྱིར་འཐེན་བྱ་རྒྱུའི་འཆར་གཞི་བཏོན་པ་དེས་ཁེ་ལས་ཀྱིས་མུ་མཐུད་ས་ཁོངས་ཕྱི་ནང་གི་མ་རྩའི་ཁྲོམ་ར་བེད་སྤྱད་དེ་མ་དངུལ་བསྡུ་སྒྲིལ་འཕེལ་རྒྱས་གཏོང་རྒྱུར་ཤུགས་རྐྱེན་བཟོ་གི་མེད། 
     ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཁེ་ལས་ཀྱིས་རང་ངོས་ཀྱི་གནས་ཚུལ་དངོས་དང་བསྟུན་ཞིང་ཕྱི་རྒྱལ་གྱི་ཁྲོམ་རར་ཞུགས་སའི་སྒྲིག་སྲོལ་ལྟར་གཏན་འབེབས་བྱས་པར་བརྩི་འཇོག་བྱེད་ཀྱི་ཡོད། ང་ཚོས་མངའ་ཁོངས་ཕྱི་རོལ་གྱི་འབྲེལ་ཡོད་ལྟ་སྐུལ་དོ་དམ་ལས་ཁུངས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་དང་མ་དངུལ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།