འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུ་ལ་ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ཁག་3ཡོད་སྲིད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཨ་རིའི་སྔོག་བཤེར་བཀའ་རྒྱའི་ནང་ཐེ་རོན་ཕུར་ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ཡོད་སྲིད་པའི་སྐོར་བཀོད། 
   ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་ཞིག་གི་ཁྲིམས་དཔོན་གྱི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཕྲན་མཉམ་འབྲེལ་གྱི་བརྟག་དཔྱད་མི་སྣས་ཉེ་དུས་གློ་བུར་དུ་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུ་གནས་སའི་མཚོ་མཚེའུ་གཞིས་ཀར་བསྔོག་བཤེར་ལག་ལེན་བསྟར་དུས་ཀྱི་སྔོག་བཤེར་བཀའ་རྒྱ་ཚེས་12ཉིན་ཡོངས་བསྒྲགས་བྱས་པ་རེད། སྔོག་བཤེར་བཀའ་རྒྱ་དེའི་ནང་ཐེ་རོན་ཕུའི་ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ཁག་གསུམ་བསྟན་ཡོད། 
   སྔོག་བཤེར་བཀའ་རྒྱའི་ནང་བཤད་པའི་ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ནང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཡིག་ཆ་ཐག་གཅོད་བྱེད་སྟངས་འོས་འཚམ་མིན་པ་དང་། ཁྲིམས་འཛིན་ལ་འགོག་རྐྱེན་བཟོ་བ། རྒྱལ་སྲུང་གསང་འཕྲིན་བརྒྱུད་གཏོང་བྱེད་པར་བར་ཆད་བཟོ་བ་བཅས་ཚུད་ཡོད། འབྲེལ་ཡོད་ཉེས་མིང་གཏན་འཁེལ་བྱས་ཚེ་དངུལ་ཆད་གཅོད་པའམ་བཙོན་འཇུག་བྱེད་སྲིད།
   སྔོག་བཤེར་བཀའ་རྒྱ་ལས་མངོན་པར་གཞིགས་ན། བརྟག་དཔྱད་མི་སྣར་གསང་བའི་མཚོན་རྟགས་ཡོད་པའི་ཡིག་ཆ་གང་རུང་ལ་རྩད་ཞིབ་བྱེད་ཆོག་པ་དང་། རྒྱལ་སྲུང་གསང་འཕྲིན་དཔྱད་ཡིག་གམ་ཡང་ན་གསང་བའི་ཡིག་ཆ་བསྡུ་ལེན་དང་གསོག་ཉར། བརྒྱུད་གཏོང་བཅས་དང་འབྲེལ་བ་ཡོད་པ། ཐེ་རོན་ཕུའི་འགན་ཡུན་ནང་གཞུང་ཕྱོགས་ཀྱི་ཟིན་ཐོ་གང་རུང་དང་། དེ་བཞིན་གཞུང་ཕྱོགས་ཀྱི་ཐོ་འགོད་དམ་ཡང་ན་གསང་བའི་ཡིག་ཆ་རྐང་བཙུགས་ནས་བཟོ་བཅོས་དང་མེད་པ་བཟོ་བའམ་ཡང་ན་སྦས་སྐུང་བྱེད་པའི་དཔང་རྟགས་རྩད་ཆོད་པའི་དབང་ཆ་བསྩལ་ཡོད། 
   གཞན་ཡང་ཡོངས་བསྒྲགས་སུ་རྩད་ཆོད་པའི་དངོས་རྫས་ཀྱི་ཞིབ་ཐོ་ལ་གཞིགས་ན། བརྟག་དཔྱད་མི་སྣས་མཚོ་མཚེའུ་གཞིས་ཀ་ནས་དངོས་རྫས་33འཁྱེར་ཡོད་པའི་ནང་། “ཆེས་མཐོའི་གསང་བ”ཞེས་འཁོད་པའི་ཡིག་ཆ་ཁག་གཅིག་ཚུད་ཡོད་པ་རེད།
   ཚེས་12ཉིན་ཐེ་རོན་ཕུས་གསལ་བསྒྲགས་སྤེལ་ནས་ཡིག་ཆ་དེ་དག་གསང་རྒྱ་གྲོལ་ཟིན་པ་དང་། ཨ་རིའི་ཁྲིམས་འཛིན་པུས“ཆབ་སྲིད་ཀྱི་རོལ་རྩེད་བྱེད་པར”རྒོལ་གཏམ་བཏང་བ་རེད། སྤྱི་མཐུན་ཏང་ཁོངས་ཡིན་པའི་ཙུང་ཐུང་ཟུར་པ་དེས་དེ་གོང་ད་དུང་དམངས་གཙོ་ཏང་མིས་ཨ་རིའི་ཁྲིམས་འཛིན་སྒྲིག་གཞི“མཚོན་ཆ་ཅན”ལ་བརྩིས་ནས་མུ་མཐུད་ཁོང་ལ“ཆབ་སྲིད་ཐོག་ནས་ཕར་རྒོལ”བྱེད་པར་སྐྱོན་འཛུགས་བྱེད་མྱོང་ཡོད། དེའི་དམིགས་ཡུལ་ནི་བསྐྱར་དུ་ཙུང་ཐུང་འདེམས་བསྐོར་ཞུགས་རྒྱུར་བཀག་འགོག་བྱ་རྒྱུ་དེ་རེད། ཚེས་11ཉིན་ཨ་རིའི་ཁྲིམས་འཛིན་པུའི་པུའུ་ཀྲང་མེ་ལི་ཁེ·ཅ་ལན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག ཁོ་རང་ཉིད་ཀྱིས་ཁྲིམས་ཁང་ལ་སྔོག་བཤེར་བཀའ་རྒྱ་དང་དེ་བཞིན་མཚོ་མཚེའུ་གཞིས་ཀར་སྔོག་བཤེར་བྱ་རྒྱུའི་ཆོག་མཆན་སྤྲད་པ་ཡིན་པ་བཤད། 
   ཟླ་འདིའི་ཚེས་8ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་མི་སྣས་ཐེ་རོན་ཕུ་ཡི་ཧྥོ་ལོ་ལི་ཏ་མངའ་སྡེའི་ཤིང་ཏ་ལའི་ཐང་གི་སྡོད་གནས་མཚོ་མཚེའུ་གཞིས་ཀར་འཕྲལ་མར་སྔོག་བཤེར་བྱས་པ་དེ་ནི་ཨ་རིའི་ལོ་རྒྱུས་ཐོག་གི་ཙུང་ཐུང་ཟུར་པ་ཉེས་དོན་བརྟག་དཔྱད་བྱས་པའི་རྐྱེན་གྱིས་སྡོད་གནས་ལ་འཕྲལ་མར་སྔོག་བཤེར་བྱས་ཐེངས་དང་པོ་དེ་རེད།
   ཨ་རིའི་བཅའ་ཁྲིམས་ནང་། ཨ་རིའི་ཙུང་ཐུང་འགན་ཡུན་ནང་གི་ཡིག་ཆ་ཚང་མ་ཉར་ཚགས་བྱེད་དགོས་པ་མ་ཟད། ལས་གནས་ནས་ཕྱིར་འཐེན་བྱེད་སྐབས་རྒྱལ་ཁབ་ཡིག་ཚགས་དང་ཐོ་འགོད་དོ་དམ་ཅུས་ལ་དོ་དམ་བྱ་རྒྱུར་རྩིས་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད། ཨ་རིའི་རྒྱལ་ཁབ་ཡིག་ཚགས་དང་ཐོ་འགོད་དོ་དམ་ཅུས་ཀྱིས་ད་ལོའི་ཟླ་དང་པོའི་ཟླ་མཇུག་དང་ཟླ་2པའི་ཟླ་འགོར། མཚོ་མཚེའུ་གཞིས་ཀ་ནས་ཡིག་ཆ་བླུགས་པའི་སྒམ་15དབོར་ཡོང་བ་དང་། ཐེ་རོན་ཕུ་ཡི་འགན་ཡུན་རིང་གི་ཤོག་བུའི་ཡིག་ཆ་ཁག་གཅིག་རྦད་དེ་མེད་པར་བཟོས་སོང་ཞེས་བཤད་པ་རེད། ཐེ་རོན་ཕུའི་འཐུས་མིས་སྐབས་དེ་དུས་མཚོ་མཚེའུ་གཞིས་ཀར་རྒྱལ་ཁབ་ཡིག་ཚགས་དང་ཐོ་འགོད་དོ་དམ་ཅུས་ལ་སྤྲོད་དགོས་པའི་ཡིག་ཆ་མུ་མཐུད་འཚོལ་རྒྱུ་ཡིན་ཞེས་བཤད་པ་རེད།
   ཟླ་4པར་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲིམས་འཛིན་པུས་ཐེ་རོན་ཕུས་གསང་བའི་ཡིག་ཆ་ཐག་གཅོད་བྱེད་སྟངས་ཐད་བྱ་སྤྱོད་ལུགས་དང་མི་མཐུན་པ་ཡོད་མེད་ཐད་ཉེས་དོན་བརྟག་དཔྱད་བྱས་ཡོད།