འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་13ཉིན།

༄༅།།ས་བབ་མཐོ་ཤོས་སུ་ཚེ་སྲོག་གི་རིན་ཐང་མངོན་པ།

—— བོད་སྐྱོར་ལས་བྱེད་པ་ཝང་ཅུན་ཆང་གི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་13ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅིན་ཕིང་དང་། པན་ཐིང་། སྐལ་བཟང་དཔལ་འབྱོར།
    བོད་བྱང་ཐང་གི་གངས་རིས་ཀྱང་བརྗེད་མི་སྲིད། བོད་སྐྱོར་ལས་བྱེད་པ་འདི་འདྲ་ཞིག་ཡོད་དེ། ཐག་རིང་གི་མཚོ་འགྲམ་གྲོང་ཁྱེར་ཏ་ལན་ནས་འོང་བ་དང་འདི་གར་སྐུ་གཤེགས་པ་རེད།
   ཁོང་ནི་བོད་སྐྱོར་ལས་བྱེད་པ་ཝང་ཅུན་ཆང་རེད།
   མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སར་བསྐྱོད་པ།
    ཝང་ཅུན་ཆང་ནི་ཀྲུང་དབྱང་ཚན་པའི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་གྲས་ཡིན་པ་དང་། 2022ལོའི་ཟླ་5ཚེས་8ཉིན། བོད་སྐྱོར་ལས་ཀ་ལོ་གསུམ་བྱས་ནས་མཇུག་འགྲིལ་ལ་ཉེ་ཁར་ཝང་ཅུན་ཆང་གཤམ་འོག་ལ་བརྟག་དཔྱད་བྱེད་པར་སྐྱོད་པའི་ལམ་བར་གློ་བུར་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་ཐོན་ནས་སྤྱི་པའི་དོན་དུ་རང་ཉིད་ཀྱིས་བརྩེ་བ་ཟབ་མོ་བཅངས་སའི་ཤན་རྩར་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་ལོ་48ཡིན་པ་རེད།
    2019ལོར་ཀྲུང་དབྱང་ཚན་པས་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་གཏོང་བའི་སྐབས་སུ། ཀྲུང་ཤིན་དངུལ་ཁང་ཏ་ལན་ཡན་ལག་དངུལ་ཁང་དྲ་ཐོག་དངུལ་ཁང་གི་སྤྱི་ཁྱབ་ཅིང་ལི་ཝང་ཅུན་ཆང་གིས་རང་འགུལ་ངང་བོད་ཀྱི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ལ་འགྲོ་རྒྱུའི་རེ་བ་ཞུས་ནས་ནག་ཆུ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་ཤན་རྩ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བྱས།
    ལོ་80ལ་སླེབས་པའི་ཁོང་གི་ཨ་མས་རང་ཉིད་ཀྱི་ཕྲུ་གུ་བོད་སྐྱོར་བྱེད་པར་འགྲོ་རྒྱུ་ཡིན་པ་ཤེས་ནས“མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་སར་ཕྱིན་ནས་བྱ་བ་གང་མང་སྒྲུབ་དགོས”ཞེས་མངག་བྱ་ཡང་ཡང་བྱས།
    ཤན་རྩ་རྫོང་ལ་འབྱོར་བའི་སྐབས། ས་བབ་མཐོ་བའི་རྐྱེན་གྱིས་ཝང་ཅུན་ཆང་ལ་གཟུགས་པོ་མི་འཕྲོད་པའི་ཚོར་སྣང་ཆེན་པོ་བྱུང་སྟེ། མགོ་ཡུར་འཁོར་བ་དང་། ཞེ་མེར་ལང་བ། ཤུགས་མེད་པ། བཤལ་བ་སོགས་ཡང་ཡང་བྱས་ནའང་། ཁོང་གིས་ཁོར་ཡུག་གི་དཀའ་ཚེགས་རྐྱེན་པས་ལས་ཀའི་ཚད་གཞི་དམའ་རུ་མ་གཏོང་བར་ཉིན་མོར་གཤམ་སྐྱོད་བརྟག་དཔྱད་དང་དགོང་མོར་ཚང་མ་དང་མཉམ་དུ་ཤེས་རྟོགས་བྱུང་བའི་གནད་དོན་དང་ཐག་གཅོད་བྱ་ཐབས་བགྲོ་གླེང་བྱེད་ཀྱི་ཡོད།
   “ཁོང་གིས་རང་ཉིད་བོད་ལ་ལས་ཀ་བྱས་ནས་སྡོད་པའི་དུས་ཚོད་ལ་ཚད་བཀག་ཡོད་པས། དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་འབྲོག་པ་མང་ཚོགས་ལ་བྱ་བ་མང་ཙམ་སྒྲུབ་ཀྱི་ཡིན་ཞེས་ཤོད་ཀྱི་ཡོད”ཅེས་ཤན་རྩ་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཤུས་ཏན་གྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
    སེམས་སུ་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཁོ་ན་བཅངས་པ།
    “ཁོང་གི་སེམས་སུ་བོད་སྐྱོར་ལས་དོན་གང་འདྲ་བྱས་ནས་ཡག་པོ་བསྒྲུབ་རྒྱུ་ཁོ་ན་བཅངས་པས། དེས་བོད་སྐྱོར་ལས་དོན་གྱི་ཨང་དང་པོ་མང་པོ་བཏོད་ཡོད”ཅེས་ཤན་རྩ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཀྲི་ཀང་གིས་བཤད།
   ཤན་རྩ་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་། ས་ཆ་ཕལ་ཆེ་བ་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་འབྲོག་ར་ཡིན། ཐེངས་ཤིག་གཤམ་སྐྱོད་ཀྱི་ལམ་བར་དུ་ཝང་ཅུན་ཆང་གིས་འབྲོག་པ་མང་ཚོགས་སྡོད་སའི་སྦྲ་གུར་ལ་ཆར་ལྷགས་ཡང་སེ་འཛུལ་བ་མཐོང་བ་དང་། རྗེས་སུ་ཏ་ལན་ལ་འཁོར་ཞག་ཏུ་འགྲོ་ཞོར་ཁོང་གིས་རླངས་འཁོར་གྱི་བཟོ་གྲྭ་མང་པོར་ཕྱིན་ནས་ནག་ཆུ་གྲོང་ཁྱེར་གྱི་འབྲོག་པ་ཕྱུགས་འཚོ་སྐབས་སྡོད་སར་འཚམ་པའི་སྐྱས་སྤོས་རླངས་འཁོར་ཞིག་ཇུས་འགོད་བྱས་ནས་བཟོས་པ་མ་ཟད། ཤང་དང་གྲོང་རྡལ་2ལ་འབྲོག་པ་སྡོད་སའི་སྐྱས་སྤོས་རླངས་འཁོར་10སྤྲད་དེ་འབྲོག་པ་ཕྱུགས་འཚོ་སྐབས་སྡོད་སའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།
    2020ལོར་ཤན་རྩ་རྫོང་གི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱ་ཆེད། ཝང་ཅུན་ཆང་གིས་དྲ་བ་ནས་ཐད་ཚོང་གི་ཚོད་ལྟ་ཐོག་མར་བྱས་པ་རེད། ཁོང་ལ་འབྲེལ་ཡོད་ཉམས་མྱོང་མེད་སྟབས་ཉིན་དྲུག་ཏག་ཏག་གྲ་སྒྲིག་བྱས་ཏེ། བརྙན་ཐུང་སྒྲིག་བཟོ་དང་ཐད་གཏོང་འབྲེལ་མཐུད་ཀྱི་ལས་རིམ་ཚང་མ་རང་སྦྱོང་བྱས་པ་དང་། བྲེལ་བ་ཆེ་བའི་སྐབས་ཆུ་ཚོད་60ལྷག་ཙམ་བསྟུད་མར་ལས་ཀ་བྱས་ནས་ངལ་གསོ་རྒྱག་ཁོམ་བྱུང་མེད་པ་རེད།
    ཐད་གཏོང་གི་ཉིན་མོར་ཁོང་གིས་རང་གིས་རང་ལ་སྐུལ་མ་བྱེད་བཞིན་དུ་ཤན་རྩ་རྫོང་གི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པས་དྲ་གྲོགས་ལ་སེམས་འགུལ་ཐེབས་ཡོད། ཐད་གཏོང་ཆུ་ཚོད་2ཙམ་བྱེད་རིང་། དྲ་ཚིགས་ལ་ལྟ་མཁན་མི་ཐེངས་ཁྲི་5ལས་བརྒལ་ནས་དྲ་ཐོག་ཕྱིར་ཚོང་གི་དངུལ་འབོར་སྒོར་ཁྲི་300ལྷག་ཙམ་བྱུང་ཡོད་པ་རེད།
   “བོད་སྐྱོར་རྣམ་གྲངས་དེ་དག་དང་དེའི་ཕན་འབྲས་གླེང་སྐབས། ཁོང་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཁོང་གིས་རྣམ་གྲངས་དེ་དག་ལ་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་སྔོན་མ་ཤན་རྩ་རྫོང་ཙམ་མ་ཟད་བོད་ལའང་བྱུང་མྱོང་མེད་ཅེས་ཤོད་ཀྱི་ཡོད། ཁོང་གིས་དེ་དག་འགྲུབ་ཐུབ་ནས་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱས་པས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག”ཅེས་ཝང་ཅུན་ཆང་གི་བཟའ་ཟླ་ཧོ་ཆིང་གིས་དྲན་གསོ་བྱེད་བཞིན་དུ་བཤད།
   ལྷད་མེད་བརྩེ་སེམས་ལས་བོད་སྐྱོར་ལས་དོན་ལ་བཀྲག་མདངས་འཚེར་བ།
   ཐེངས་ཤིག་གཤམ་སྐྱོད་བརྟག་དཔྱད་བྱེད་པར་སྐྱོད་པའི་ལམ་བར་དུ་སྟབས་མ་ལེགས་པར་ཝང་ཅུན་ཆང་གི་ཕྲག་པར་རྨས་སྐྱོན་ཕོག་ནས་དུས་ཡུན་རིང་པོར་ཁོའེ་ཙེ་ཡང་ལེན་མི་ཐུབ་པར་གྱུར། མ་གཞི་གཤགས་བཅོས་ཐེངས་གསུམ་བྱས་ན་དྲག་སྐྱེད་ཐུབ་ཀྱི་ཡོད། འོན་ཀྱང་ཝང་ཅུན་ཆང་གིས་གཤགས་བཅོས་ཐེངས་གཅིག་བྱས་རྗེས་ལམ་སེང་ཤན་རྩ་རྫོང་ལ་ལོག་པ་རེད།
   སྨན་པས་ཁོང་ལ་འཁྱགས་པ་དང་བརྡབ་གསིག་བྱུང་ཚེ་ན་ཚ་ལྕི་རུ་འགྲོ་བས་ཡང་སེ་གཤམ་སྐྱོད་བྱ་རྒྱུ་མེད་ལུགས་བཤད་མོད། འོན་ཀྱང་བོད་སྐྱོར་ལས་དོན་མཇུག་འགྲིལ་ལ་ཉེ་བའི་སྐབས་སུའང་ཝང་ཅུན་ཆང་གིས་གཤམ་སྐྱོད་བྱེད་མཚམས་མ་འཇོག་པར་ཐ་ན་གྲོངས་ཁའི་སྐབས་སུའང་སྔར་བཞིན་གཤམ་སྐྱོད་མུ་མཐུད་བྱེད་བཞིན་ཡོད།
   ཝང་ཅུན་ཆང་གི་སྐད་འཕྲིན་ནང་སློབ་གྲོགས་དང་མཉམ་དུ་བགྲོ་གླེང་བྱས་པའི་སྐོར་ད་དུང་མཐོང་རྒྱུ་ཡོད་པ་སྟེ། ཁོང་གིས་ཤན་རྩ་རྫོང་གི་ཡུལ་ལྗོངས་རི་མོ་འཁྱགས་སྒམ་གྱི་སྦྱར་རིས་བྱེད་པ་དང་ལྕི་བས་གློག་གཏོང་བའི་ལག་རྩལ་ཤེས་རྟོགས་བྱེད་པ་སོགས་སྤྱོད་ཐུབ་པའི་ཐོན་ཁུངས་མཐའ་དག་བོད་སྐྱོར་ལས་དོན་སྤེལ་རིང་སྤྱོད་ཐབས་བྱེད་ཀྱི་ཡོད།
   ཐར་མ་ཤང་མདོ་ཆུང་གྲོང་ཚོར་གློག་ཡུན་རིང་ཆད་པའི་སྐབས། གློག་གསོག་དགོས་པའི་ཉི་ནུས་གློག་རྫས་ལེབ་མོ་ནི་འབྲོག་པ་ཚོས་གློག་སྤྱོད་པའི་བརྟེན་ས་ཉག་ཅིག་ཡིན་པ་ཤེས་རྗེས། ཝང་ཅུན་ཆང་གིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་པ་མ་ཟད། མི་སྒེར་གྱི་འབྲེལ་བར་བརྟེན་ནས་ལེའོ་ཉིང་གི་ཁེ་ལས་མང་པོར་འབྲེལ་བ་བྱས་ཏེ་ཞལ་འདེབས་སྒོར་ཁྲི་400བསླངས་ནས་རླུང་གློག་ར་བ་ཞིག་བསྐྲུན་ཞིང་། རྣམ་གྲངས་སྐྲུན་རིང་། ས་ཆ་འདེམས་པ་དང་སྐྱེ་ཁམས་ལ་ཚོད་སྐོར་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་པའི་སྐབས། ལ་ལས་མཚམས་འཇོག་དགོས་ཞེས་བཤད་ཀྱང་ཝང་ཅུན་ཆང་གིས་ཧུར་ཐག་གིས་མཇུག་བསྐྱངས་ཡོད།
   2021ལོའི་ཟླ་དགུ་པར་ས་བབ་མཐོ་ཤོས་ཀྱི་རླུང་གློག་དཔེ་སྟོན་རྣམ་གྲངས་མདོ་ཆུང་གྲོང་ཚོར་སྤྱོད་འགོ་ཚུགས་པ་རེད།
   ད་ཆ་ཝང་ཅུན་ཆང་འཇིག་རྟེན་འདི་ནས་བྲལ་ཡང་། ཁོང་གིས་བཞག་པའི་བོད་སྐྱོར་རྣམ་གྲངས་ཀྱིས་སྔར་བཞིན་བྱང་ཐང་མི་དམངས་ལ་བདེ་བ་སྐྲུན་བཞིན་ཡོད།