འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་11ཉིན།

༄༅།།ཁོ་མོས་བྱ་དགའི་དངུལ་ཁྲི་10ཞལ་འདེབས་སུ་ཕུལ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་11ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཁོ་མོས་བྱ་དགའི་དངུལ་ཁྲི་10ཞལ་འདེབས་སུ་ཕུལ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཀྲའོ་ཨན་རྫོང་སློབ་གསོ་ཅུས་ཀྱིས་དམིགས་བསལ་གྱི་ཞལ་འདེབས་འབུལ་བའི་མཛད་སྒོ་ཞིག་སྤེལ་ཡོད་པ་དེ་ནི། 2022ལོར་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པའི་ཀྲང་ཧྲེན་ཞིན་རན་གྱིས་ཀྲའོ་ཨན་རྫོང་རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཞལ་འདེབས་འབུལ་བའི་གྲོས་མཐུན་བཞག་སྟེ། ཀྲའོ་ཨན་རྫོང་སློབ་གསོ་ཅུས་ལ་སློབ་གསོའི་སློབ་སྐྱོར་དངུལ་སྒོར་ཁྲི་10.5ཞལ་འདེབས་ཕུལ་ཏེ་རོགས་རམ་བྱེད་དགོས་པའི་སློབ་མ་དབུལ་པོར་རོགས་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་རེད།
     ཀྲང་ཧྲེན་ཞིན་རན་ནི་ཀྲའོ་ཨན་རྫོང་ཀོན་ཕི་གྲོང་རྡལ་ཏ་པན་གྲོང་ཚོ་ནས་ཡིན་ཞིང། ད་ལོར་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྒོར་ཁྲི་བཅུ་ལྷག་ཙམ་ཐོབ་པ་རེད། “སྐབས་དེ་དུས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དེ་ཐོབ་པར་སེམས་འགུལ་དམིགས་བསལ་ཞིག་ཐེབས་མ་བྱུང་། རྒྱུ་མཚན་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་འཛད་སྤྱོད་དེ་འདྲ་མང་པོ་མེད་པས་སྐབས་དེར་སྒོར་མོ་དེ་དག་ཇི་ལྟར་བཀོལ་དགོས་བསམ་ཡོད”ཅེས་བཤད་པ་རེད།  ཀྲང་ཧྲེན་ཞིན་རན་གྱིས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དེ་གཙོ་བོ་ཁྱིམ་རྒྱུད་ཀྱི་ཐེབས་རྩ་དང་། གྲོང་ཚོ་དང་དེ་བཞིན་གཉེན་ཉེ་སྤུན་མཆེད་བཅས་ཀྱི་བྱ་དགའ་ལས་བྱུང་བ་ཞིག་རེད་ཅེས་བཤད། 
     སྟབས་ལེགས་པ་ཞིག་ལ། ཀྲང་ཧྲེན་ཞིན་རན་གྱིས་ཆིང་ཧྭ་སློབ་ཆེན་གྱི་སྐད་འཕྲིན་སྤྱི་སྟེགས་ཐོག་རྩོམ་ཡིག་ཞིག་མཐོང་བྱུང་། དེའི་ནང་ཆིང་ཧྭ་སློབ་ཆེན་གྱི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཞིག་གིས། ལོ་མང་རིང་ཁོང་གི་གླ་ཕོགས་ལ་བརྟེན་ནས་སློབ་མར་རོགས་སྐྱོར་བྱེད་ཀྱི་ཡོད་ཀྱང་ཁོང་ཉིད་ཀྱིས་འཚོ་བ་བབ་ཆགས་ཤིག་སྐྱེལ་གྱི་ཡོད་པ་བརྗོད་ཡོད། ཀྲང་ཧྲེན་ཞིན་རན་ངལ་གསོ་བྱས་པའི་དགེ་རྒན་དེའི་ཡ་རབས་ཀྱི་སྤྱོད་བཟང་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གཞན་ལ་ཞལ་འདེབས་སུ་འབུལ་རྒྱུའི་བསམ་བློ་འཁོར།
     “ད་དུང་སློབ་མ་མང་པོ་ཞིག་གིས་སློབ་ཆེན་ལ་རྒྱུགས་འཕྲོད་པ་ངས་ཤེས་ཡོད། འོན་ཀྱང་དངུལ་འདང་ངེས་ཤིག་མེད་སྟབས་སློབ་གྲྭར་འགྲོ་ཐུབ་ཀྱི་མེད། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་དེ་ཁོང་ཚོར་ཕུལ་བར་དོན་སྙིང་དེ་བས་ཆེན་པོ་ལྡན་ཡོད”ཅེས་བཤད། ཀྲང་ཧྲེན་ཞིན་རན་གྱིས། བསམ་ཚུལ་དེར་ཕ་མའི་རྒྱབ་སྐྱོར་ཐོབ་ཡོད་ལ་རང་ཉིད་ཀྱིས་ནུས་ཤུགས་ཕྲན་བུ་བཏོན་ནས་དེ་བས་མང་བའི་སློབ་མར་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན་གཅུང་པོ་དང་གཅུང་མོ་དེ་བས་མང་བས་བློ་ཁོག་ཆེན་པོས་ཕུགས་བསམ་དོན་གཉེར་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་བཤད།
     འབྱུང་འགྱུར་གྱི་ཐད། ཀྲང་ཧྲེན་ཞིན་རན་ལ་རང་ཉིད་ཀྱི་འཆར་འགོད་དང་བསམ་ཚོད་ཡོད།“ངས་སློབ་ཆེན་དུ་སློབ་སྦྱོང་བྱེད་པའི་ཆེད་སྦྱོང་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཡིན་པས་སླད་ཕྱིན་ཆབ་སྲིད་དཔལ་འབྱོར་རིག་པའི་ཁ་ཕྱོགས་གཙོ་བོར་བཟུང་ནས། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་འདོད་ཡོད”ཅེས་བཤད། ཀྲང་ཧྲེན་ཞིན་རན་གྱིས་སྦྱོང་ཚན་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག ཁོང་གིས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་མུ་མཐུད་དོ་ཁུར་དང་རོགས་རམ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་ཏེ་རོགས་རམ་བྱེད་དགོས་པའི་མི་དེ་བས་མང་བར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
༄༅།།ཁོ་མོས་བྱ་དགའི་དངུལ་ཁྲི་10ཞལ་འདེབས་སུ་ཕུལ།