འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་10ཉིན།

༄༅།།ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་གནོད་པ་ཚབས་ཆེན་སྐྱེལ་བའི་ནག་ཉེས་བསགས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་10ཉིན། 16:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས《ཨ་རིས་དབུས་ཤར་སོགས་སུ་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་ནག་ཉེས་བསགས་པ》ཞེས་པའི་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་ཨ་རིའི་ནག་ཉེས་ཀྱིས་དབུས་ཤར་སོགས་སུ་དམག་འཁྲུག་བསྟུད་མར་བརྒྱབ་པ་དང་དམག་འཁྲུག་ཐེངས་མང་བྱུང་ནས། གདོང་ཐུག་གི་འདམ་རྫབ་དང་བདེ་འཇགས་ཀྱི་དཀའ་གནད་ནང་ལྷུང་བཅུག་པ་མ་ཟད། ས་གནས་དེ་གའི་མི་དམངས་ཀྱི་ཚེ་སྲོག་དབང་ཆ་དང་། བདེ་ཐང་གི་དབང་ཆ། མི་གཤིས་ཀྱི་ལ་རྒྱ། ཆོས་དད་ཀྱི་རང་དབང་བཅས་དང་དེ་བཞིན་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་སོགས་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་ཅེས་འཁོད་ཡོད་པ་རེད།  
   སྙན་ཞུའི་ནང་དོན་གཙོ་བོ་ཁག་གསུམ་ཡོད་དེ། དམག་འཁྲུག་བསླངས་པ་དང་། མི་སེར་དམར་གསོད་བཏང་བ། ཚེ་སྲོག་གི་དབང་ཆ་དང་འཚོ་གནས་ཀྱི་དབང་ཆར་གནོད་འཚེ་བཏང་བ་དང་། བཙན་གྱིས་སྒྱུར་བཀོད་དང་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་ནས་འཕེལ་རྒྱས་དབང་ཆ་དང་བདེ་ཐང་དབང་ཆ་ལ་གནོད་འཚེ་གཏོང་བ། “ཤེས་རིག་གི་འགལ་རྐྱེན་”བཟོ་བ་དང་། བཙོན་ཁང་དང་ཁྲིམས་གཅོད་དྲག་པོ་གང་བྱུང་དུ་སྤྱད་ནས་ཆོས་དད་རང་མོས་དང་མིའི་ཐོབ་ཐང་དང་ལ་རྒྱར་གནོད་འཚེ་བཏང་བ། སྙན་ཞུའི་མ་ལག་ནང་ཨ་རིས་དབུས་ཤར་དང་དེའི་མཐའ་འཁོར་ས་ཁུལ་དུ་དམག་འཁྲུག་གི་ཉེས་པ་དང་། མིའི་རིགས་ལ་གནོད་འཚེ་གཏོང་བའི་ཉེས་པ། གང་བྱུང་དུ་བཀག་ཉར་བྱེད་པ། ཁྲིམས་གཅོད་དྲག་པོ་སྤྱོད་པ། བཙོན་མར་མནར་གཅོད་བཏང་བ། ཕྱོགས་རྐྱང་པའི་བཀག་སྡོམ་གང་བྱུང་དུ་བྱས་པ་སོགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཚབས་ཆེན་འགལ་བའི་ནག་ཉེས་རབ་དང་རིམ་པ་རྒྱས་བཤད་བྱས་པ་དང་། ནག་ཉེས་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྒྱུད་རིམ་ལྡན་པའི་ངང་གནོད་འཚེ་བཏང་བས་ཡུན་རིང་ལ་གནོད་འཚེ་ཆེན་པོ་ཕོག་ཡོད་ཅེས་བསྟན་ཡོད་པ་རེད།
   སྙན་ཞུའི་ནང་བསྟན་དོན། དོན་དངོས་ཀྱི་ཐོག་ནས་ཨ་རིས་དབུས་ཤར་སོགས་ས་ཁུལ་དུ་ས་གནས་དེ་གའི་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་ནས་ས་ཁུལ་གྱི་རྒྱལ་ཁབ་དང་མི་དམངས་ལ་ཡུན་རིང་རང་བཞིན་གྱི་གནོད་འཚེ་དང་གསབ་ཐབས་བྲལ་བའི་གྱོང་གུན་བཟོས་ཡོད། ཨ་རིའི་བཙན་དབང་གི་ངོ་བོ་དང་བཙན་དབང་ཆབ་སྲིད་ཀྱི་གདུག་རྩུབ་ཆེ་བའི་རང་བཞིན་དང་། གནོད་འཚེའི་རང་བཞིན་བཅས་དམར་རྗེན་དུ་མངོན་པ། འཛམ་གླིང་མི་དམངས་ཀྱིས་ཀྱང་“ཨ་རིའི་རྣམ་པའི་དམངས་གཙོ་”དང་“ཨ་རིའི་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་”གི་གཡོ་རྫུས་རང་བཞིན་དང་མགོ་སྐོར་རང་བཞིན་སྔར་བས་གསལ་པོར་རྟོགས་པ་བྱས་ཡོད།