འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་10ཉིན།

༄༅།།སུང་རྒྱལ་རབས་སྐབས་བསྐྲུན་པའི་ཤིང་ཟམ་དེ་མེ་ཤོར་བའི་ཐད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་10ཉིན། 16:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སུང་རྒྱལ་རབས་སྐབས་བསྐྲུན་པའི་ཤིང་ཟམ་དེ་མེ་ཤོར་བའི་ཐད།
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན་གྱི་ཆུ་ཚོད་21དང་སྐར་མ་10ཙམ་ལ། ཕིང་ནན་རྫོང་ཁྲང་ཆའོ་གྲོང་རྡལ་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཧྥུ་ཅན་བྱང་ཤར་གྱི་ཝན་ཨན་ཟམ་པའི་ཐོག་མེ་སྐྱོན་ཤོར། མེ་སྐྱོན་གྱིས་ཟམ་པ་དེའི་ཤིང་ཁུང་ལྔ་ལ་གཏོར་བརླག་ཐེབས། ཤར་ཕྱོགས་ཀྱི་ཁུང་གཅིག་གི་ཟམ་ཁྱམས་དང་ཟམ་པའི་མགོར་བཞེངས་པའི་ལྷ་ཁང་ལ་གནོད་འཚེ་ཕོག་མེད། 
   ཟླ་8ཚེས་7ཉིན། རྒྱལ་ཁབ་རིག་དངོས་ཅུས་དང་འཕྲལ་སྡོམ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུས་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་ཡུལ་དངོས་སུ་བསྐྱོད་ནས་གནས་ཚུལ་བརྟག་དཔྱད་དང་ཤེས་རྟོགས་བྱས་ཏེ། ས་གནས་དེ་གའི་རིག་དངོས་དང་། མེ་ཟོན་རོགས་སྐྱོབ་སྡེ་ཁག སྤྱི་བདེ་ལས་ཁུངས་བཅས་དང་མཉམ་དུ་ལས་དོན་སྤེལ་བ་དང་། ལས་འཛོལ་ཐོན་རྐྱེན་ལ་བརྟག་དཔྱད་བྱས་པ། མེ་སྐྱོན་གྱི་གྱོང་གུན་དང་རིག་དངོས་གཏོར་བརླག་ཐེབས་ཚུལ་དཔྱད་དཔོག་བྱས་པ། རྗེས་མཐུད་སྲུང་སྐྱོབ་ལས་དོན་བཀོད་སྒྲིག་སོགས་ལ་ཞིབ་འཇུག་བྱས།
   ཝན་ཨན་ཟམ་པའི་མེ་སྐྱོན་ཁྲོད་རིག་དངོས་ཀྱི་གྱོང་གུན་ཚབས་ཆེན་ཕོག་པར་བསླབ་བྱ་ཧ་ཅང་ཟབ་མོ་ཐོབ་ཡོད། རྒྱལ་ཁབ་རིག་དངོས་ཅུས་དང་འཕྲལ་སྡོམ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་རིག་དངོས་བདེ་འཇགས་ལ་ཞིབ་བཤེར་ཆེན་མོ་བྱས་ཏེ། གཙོ་གནད་ཐོག་ཤིང་གིས་བཟོས་པའི་རིག་དངོས་བཟོ་སྐྲུན་གྱི་མེ་ཟོན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ནས་བདེ་འཇགས་ཀྱི་བྱེད་ཐབས་ལ་ཤུགས་རྒྱག་པ་དང་། འཕྲལ་སྡོམ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། རིག་དངོས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་རྒྱུར་ལྟ་སྐུལ་བྱེད་པ། མེ་ཟོན་སྒྲིག་བཀོད་དང་མེ་ཟོན་སྐོར་ཞིབ་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བཅས་བྱས་ནས་རིག་དངོས་བདེ་འཇགས་འགན་ལེན་བྱས་པ་རེད།
   ཝན་ཨན་ཟམ་པའི་ཐོག་མའི་མིང་ལ་ལུང་ཅང་ཀུང་ཅི་ཟམ་པ་ཟེར། སུང་རྒྱལ་རབས་སུ་བསྐྲུན་པ་དང་། མིང་རྒྱལ་རབས་ཀྱི་ཡུང་ལི་སྐབས་སུ“ལུང་ཅང་གི་རྡོ་རིང་ཡི་གེ”བཙུགས་པ་དང་། དེ་སྔ་ཆུ་ལོག་དང་མེ་སྐྱོན་གྱིས་རྐྱེན་པས་ཐེངས་མང་བསྐྲུན་མྱོང་ཡོད། ཆིང་རྒྱལ་རབས་ཀྱི་ཆན་ལུང་སྲིད་ལོ་བདུན་པར་(1742ལོ་)དང་ཏའོ་ཀོང་སྲིད་ལོ་ཉི་ཤུ་རྩ་ལྔ་ལོར་(1845ལོར་)བསྐྱར་སྐྲུན་ཐེངས་གཉིས་བྱས། ད་ཐེངས་མེ་སྐྱོན་མ་ཤོར་གོང་། ཤིང་གི་གདུང་མ་བཞི་ནི་1932ལོར་བསྐྱར་སྐྲུན་བྱས་པ་དང་། གཉིས་ནི་1954ལོར་བསྐྱར་སྐྲུན་བྱས་པ་རེད། 2006ལོའི་ཟླ་5པར། ཝན་ཨན་ཟམ་པ་དེ་ཧྥུའུ་ཅན་བྱང་ཤར་བར་ཁྱམས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དྲུག་པར་ཁྱབ་བསྒྲགས་བྱས་པ་རེད།