འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་8ཉིན།

༄༅།།ཐའེ་ཝན་གཞུང་དོན་ཁང་གིས་མི་འདི་ལ་སྐྱོན་བརྗོད་དྲག་པོ་བཏང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་08ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཐའེ་ཝན་གཞུང་དོན་ཁང་གིས་མི་འདི་ལ་སྐྱོན་བརྗོད་དྲག་པོ་བཏང་བ།
   མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་མཱ་ཞའོ་ཀོང་གིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
གསར་འགོད་པས་དྲིས་དོན། ཕེ་ལུའོ་ཞི་ཐའེ་ཝན་དུ་བསྐྱོད་པ་དང་བསྟུན་ནས་ཚའོ་ཞིན་ཁྲེང་གིས་སྐམ་ས་ཆེན་མོ་དང་ཐའེ་ཝན་གཅིག་གྱུར་ཕྱོགས་ཁག་གི་སྟོབས་ཤུགས་ལ་ངན་བཟོ་བྱས་པ་མ་ཟད། ཞལ་འདེབས་བརྒྱབ་དངུལ་ནི་ཐའེ་ཝན་གྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད། དེའི་ཐད་དུ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
   མཱ་ཞའོ་ཀོང་གིས་བསྟན་དོན། ཚང་མས་ཤེས་གསལ་ལྟར། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཕྱི་ཕྱོགས་སྟོབས་ཤུགས་དང་ངན་འབྲེལ་བྱས་ནས“རང་བཙན”གྱི་འཁྲུག་རྐྱེན་སློང་བ་ནི་མིག་སྔའི་ཐའེ་ཝན་མཚོ་འགག་གི་དུས་བབ་ཛ་དྲག་ཏུ་འགྲོ་བའི་རྩ་བའི་རྒྱུ་རྐྱེན་ཞིག་རེད། ཕེ་ལུའོ་ཞི་ཐའེ་ཝན་དུ་འཚམས་འདྲིར་བསྐྱོད་ནས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ངོགས་གཉིས་ཀྱི་སྤུན་ཟླའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ངན་སེམས་བཅངས་ནས་འཁྲུག་རྐྱེན་སློང་བའི་མདུན་དུ་ང་ཚོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ངོ་རྒོལ་བྱེད་པ་ནི་རྦད་དེ་དྲང་བདེན་གྱི་བྱ་སྤྱོད་དང་ལུགས་མཐུན་གྱི་བྱ་སྤྱོད་ཅིག་རེད།
   ནན་བཤད་བྱ་དགོས་པ་ཞིག་ནི། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་ཆེད་སྤྱད་པའི་དགོས་ངེས་ཀྱི་བྱ་སྤྱོད་ཡོད་ཚད་དང་། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བྱེད་སྒོ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་དམིགས་པ་ལས། སྤུན་ཟླ་ཐའེ་ཝན་པ་ལ་དམིགས་པ་གཏན་ནས་མིན་ཞིང་། དམིགས་ཡུལ་ནི་རྩ་བའི་ཆ་ནས་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་རེད།
   ཚའོ་ཞིན་ཁྲེང་གི་གཏམ་སྤྱོད་དེས་གཞི་རྩའི་དོན་དངོས་ལ་འཁྱོག་བཤད་བྱས་པ་དང་། སྐམ་ས་ཆེན་པོར་སྨྱོ་ཧམ་ཆེན་པོས་ངན་བཟོ་བྱས་པས།“ཐའེ་ཝན་རང་བཙན་”གྱི་སྟོབས་ཤུགས་དང་ཕྱིའི་སྟོབས་ཤུགས་ལ་རོགས་བྱེད་འདོད་པ་རེད། ཐའེ་ཝན་བཟོ་ཚོང་ལས་རིགས་ཀྱི་ཚབ་བྱེད་མི་ཐུབ་ལ། རྒྱ་ཆེའི་ཐའེ་ཝན་མང་ཚོགས་ཀྱི་ཚབ་བྱེད་མི་ཐུབ་པས་ངལ་བ་འབྲས་མེད་དུ་འགྱུར་ངེས་རེད། ཐའེ་ཝན་གྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ་དང་སྤུན་ཟླ་ཐའེ་ཝན་པ་མང་ཆེ་བས་ཡིན་མིན་གསལ་འབྱེད་བྱས་ཏེ། “ཐའེ་ཝན་རང་བཙན་”གྱིས་ཐའེ་ཝན་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་པ་གསལ་པོར་ཤེས་པ་དང་། ཨ་རིས་“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་དབང་སྒྱུར་བྱེད་པའི་”བསམ་ངན་བཅངས་ཚུལ་གསལ་རྟོགས་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་དང་སྐུལ་འདེད་གཏོང་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།