འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་4ཉིན།

༄༅།།མེས་རྒྱལ་གཅིག་གྱུར་ཡོང་བར་བྱེད་པའི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཆོད་སེམས་རྡོ་རྗེ་བྲག་ལྟར་བརྟན་པོ་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་04ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
     ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཤིས་ཀྱིས་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་དྲག་པོ་བྱས་པ་དང་དྲང་ནན་གྱི་འབྲེལ་གཏུག་བྱས་པར་མ་བལྟོས་པར་ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱས་ཏེ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་གནོད་འཚེ་ཚབས་ཆེན་བཏང་བ། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཏང་བ། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་བ་བཅས་བྱས་ནས“ཐའེ་དབན་རང་བཙན”ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་ཡོད། དེའི་ཐད། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་ནི་རྦད་དེ་ཚུལ་མཐུན་དང་། ལུགས་མཐུན། ཁྲིམས་མཐུན་ཡིན་པས་དེ་ལས་ཐོན་པའི་མཇུག་འབྲས་མཐའ་དག་གི་འགན་ངེས་པར་དུ་ཨ་རི་ཕྱོགས་དང“ཐའེ་དབན་རང་བཙན”ཁ་ཕྲལ་ཕྱོགས་གཏོགས་ཀྱིས་འཁུར་དགོས།
     ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་ཕྱི་འབྲེལ་འཛུགས་པའི་གཞི་རྩའི་རྩ་དོན་ཡིན་ཞིང་། དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆའི་ཆ་ཤས་ཤིག་ཆགས་ཡོད། ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་པའི་སྤྱི་བསྒྲགས་ནང་ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་གྱི་སྲིད་གཞུང་འབའ་ཞིག་དེ་ཡིན་པ་ཁས་ལེན་རྒྱུ་དང་། ཁྱབ་ཁོངས་དེའི་ནང་། ཨ་རིའི་མི་དམངས་ཀྱིས་ཐའེ་དབན་མི་དམངས་དང་རིག་གནས་དང་། ཚོང་དོན། གཞུང་ཕྱོགས་མིན་པ་བཅས་ཀྱི་འབྲེལ་བ་གཞན་དག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལུགས་བསྟན་ཡོད། ཨ་རིའི་རྒྱལ་ཚོགས་ནི་ཨ་རི་སྲིད་གཞུང་གི་གྲུབ་ཆ་ཞིག་ཡིན་པ་དང་། ཕེ་ལུའོ་ཤིས་ནི་ཨ་རི་སྲིད་གཞུང་གི་མི་སྣ་ཨང་གསུམ་པ་ཡིན་པས་ཨ་རི་སྲིད་གཞུང་གི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཆབ་སྲིད་ཀྱི་ཁས་ལེན་བྱས་པར་བརྩི་སྲུང་ནན་པོ་ཞུ་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མིས་ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད་པས། ཨ་རིའི་སྲིད་འཛིན་སྡེ་ཚན་ལ་བཀག་འགོག་བྱེད་པའི་འགན་འཁྲི་ཡོད། ཡིན་ནའང་། ཨ་རི་ཕྱོགས་ཀྱིས་ཁ་བཤད་ལག་བསྟར་མ་བྱས་པས་ཁ་དན་ཚིག་གནས་ཟེར་བ་གང་ཡང་མེད། ཨ་རིའི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད་ལ་འགྱུར་ལྡོག་ཀྱང་འགྲོ་མི་སྲིད་པ་དང་། ཨ་རི་ཕྱོགས་ཀྱིས་ཐའེ་དབན“རང་བཙན”ལ་རྒྱབ་སྐྱོར་བྱེད་ཀྱི་མིན་ཞེས་ཨ་རི་ཕྱོགས་ཀྱིས་བསྐྱར་བསྒྲགས་ཡང་ཡང་བྱས་ཡོད། འོན་ཀྱང་ཕེ་ལུའོ་ཤིས་ཀྱིས་ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་རང་འདོད་མཁྲེགས་བཟུང་གིས་ཕྱོགས་མྱུལ་ངན་འབྲེལ་བྱས་ཏེ་ཨ་རི་ཕྱོགས་ཀྱི་ཆབ་སྲིད་ཀྱི་ཁས་ལེན་སྣང་མེད་དུ་བཏང་ཡོད་པས། སུ་ཞིག་གིས་ཐའེ་དབན་མཚོ་འགག་གི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། སུ་ཞིག་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གཏོར་བཤིག་གཏོང་བ། སུ་ཞིག་གིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་གཏོང་བ། སུ་ཞིག་གིས་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་བཅས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་བས་གསལ་པོ་མཐོང་ཡོད། ཞི་བདེ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ལྡོག་ནས་སྐྱོད་མཁན་སུ་ཞིག་ཡིན་རུང་། ལོ་རྒྱུས་ཀྱི་མཚན་ཤས་ཆེན་པོ་ཞིག་རེད།
     ཕེ་ལུའོ་ཤིས་ཀྲུང་གོའི་ཐའེ་དབན་ས་ཁུལ་དུཕྱོགས་མྱུལ་ངན་འབྲེལ་བྱེད་པ་ནི་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་འཁྱོག་བཤད་དང་། རྫུན་བཟོ། མུག་ཟ་བཅས་བྱས་པའི་ཉེན་ཁ་ཆེ་བའི་བྱེད་སྤྱོད་གཞན་ཞིག་རེད། དུས་མཚམས་ཤིག་རིང་། ཨ་རི་སྲིད་གཞུང་གིས་ཐའེ་དབན་གྱི་གནད་དོན་ཐད་ནོར་འཁྲུལ་གྱི་གཏམ་སྤྱོད་ཡང་ཡང་སྤེལ་ཏེ་ཨ་རི་དང་ཐའེ་དབན་གྱི་གཞུང་ཕྱོགས་འགྲོ་འོང་གི་རིམ་པ་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ཨ་རི་སྲིད་གཞུང་དང་ཨ་རིའི་གླེང་ཕྱོགས་ཀྱི་སྐད་སྒྲ་མང་ཆེ་བས་ཕེ་ལུའོ་ཤིས་ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པ་དེས་ཐའེ་དབན་མཚོ་འགག་གི་དུས་བབ་ལ་ཉེན་ཁ་ཚབས་ཆེན་བཟོས་ནས། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གནོད་འཚེ་ཚབས་ཆེན་ཡོང་སྲིད་པའི་ངོས་འཛིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཔྱོད་ལྡན་པ་ཚོས་ཕེ་ལུའོ་ཤིས་ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱེད་པ་ནི་ཉེན་ཁ་ཆེ་བ་དང་འགན་མི་འཁུར་བའི་བྱེད་སྤྱོད་ཅིག་ཡིན་པས། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་ནན་བཤད་བྱས་ཡོད། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཡོངས་དང་། ས་ཁུལ་ཞི་བདེ་བརྟན་ལྷིང་གཙོ་བོར་འཛིན་དགོས་པའི་གསལ་འདེབས་བཅས་བྱས་མོད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་མཐར་ཕེ་ལུའོ་ཤིས་ཀྱི་ནོར་འཁྲུལ་ཚབས་ཆེན་གྱི་བྱེད་སྤྱོད་ལ་སྟབས་བདེ་བསྐྲུན་ཡོད། ཨ་རི་ཕྱོགས་ཀྱིས་ཕྱོགས་གཅིག་ནས“ཐའེ་དབན་མཚོ་འགག་གི་བརྟན་ལྷིང་སྲུང་སྐྱོང”དང་། “ཐའེ་དབན་མཚོ་འགག་གི་ད་ལྟའི་གནས་བབ་སྲུང་སྐྱོང་བྱེད་པ” “ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བར་སྲུང་ར་སྐྲུན་པ”བཅས་རྟག་ཏུ་ཤོད་པ་དང་། ཕྱོགས་གཞན་ཞིག་ནས་ཕེ་ལུའོ་ཤིས་ཉེས་མིང་ཆེན་པོ་འཁུར་རྒྱུར་མ་འཛེམས་པར་ཀྲུང་གོའི་ཐའེ་དབན་ས་ཁུལ་དུ་ཕྱོགས་མྱུལ་ངན་འབྲེལ་བྱས་ནས་ཐའེ་དབན་མཚོ་འགག་ཏུ་ཟང་ཟིང་བཟོས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་དཀའ་ངལ་གསར་པ་ཚབས་ཆེན་བཟོས་ཡོད། དེ་ཐོག་ནས་ཨ་རི་ཕྱོགས་ཀྱི་དམིགས་ཡུལ་ངོ་མ་ནི“ཐའེ་དབན་གྱི་རྒྱག་བྱ”སྤྱོད་པ་དང་། “ཐའེ་དབན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན”བཟོ་བ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་བཅས་རེད།
     བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་འོས་མེད་འགྲིག་ཐབས་དང་ཟུར་བཤོལ་བྱེད་ས་མེད། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་རྒྱལ་ཁབ་གང་རུང་དབར་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་པས། ང་ཚོས“ཚད་ལས་བརྒལ་བའི”བྱེད་སྤྱོད་གཏན་ནས་སྤེལ་དུ་འཇུག་གི་མིན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་ཀྱི་གལ་ཆེ་ཤོས་དང་ཚོར་སྣང་སྐྱེན་ཤོས་ཀྱི་ལྟེ་བའི་གནད་དོན་ཞིག་རེད།
     ཨ་རི་ཕྱོགས་ཀྱིས་ཇེ་ངན་ཇེ་སྡུག་གིས“ཐའེ་དབན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན”གྱི་བྱ་ཐབས་སྤྱད་དེ་ཐའེ་དབན་མཚོ་འགག་གི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་བས་བློས་གཏོང་ཆེན་པོ་བྱེད་དགོས་ངེས་རེད། ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ལངས་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་ཕྱིན་མེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་ནི་ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་འགྱུར་མེད་བློ་འདུན་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་མཐའ་སྐྱེལ་བྱས་ན། བྱ་ཐབས་ནུས་ལྡན་སྤྱད་དེ་ཕྱི་རོལ་ཕྱོགས་གཏོགས་གང་རུང་གི་ཐེ་ཇུས་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་གྱི་ལྐོག་གཡོ་ཕམ་ཉེས་སུ་གཏོང་ངེས་ཡིན་པ་ཀྲུང་གོ་ཕྱོགས་ཀྱིས་སྔ་ས་ནས་གསལ་བསྒྲགས་ནན་པོ་སྤེལ་ཡོད། ཀྲུང་གོ་མི་དམངས་ཀྱིས་གང་བཤད་དེ་སྒྲུབ་བྱེད་ཐུབ། མི་གང་རུང་ཞིག་གིས་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་དང་། བློ་སྟོབས་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་ནོར་འཁྲུལ་གྱི་ཚོད་དཔག་བྱེད་མི་རུང་།
     ཐའེ་དབན་གནད་དོན་གྱི་ལོ་རྒྱུས་ཀྱི་ཁུངས་སྣེ་གསལ་གསལ་ཐིང་ཐིང་ཡིན་ཞིང་། ངོགས་གཉིས་པོ་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་དོན་དངོས་དང་ད་ལྟའི་གནས་ཚུལ་གསལ་ཐག་ཆོད་ཡོད། ཐའེ་དབན་གྱི་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་ཐའེ་དབན་དམངས་ཚོགས་ཀྱི་བདེ་རྩ་སྣང་མེད་དུ་བཏང་ནས་ཕྱི་རོལ་ཕྱོགས་གཏོགས་ཀྱི་ངན་རོགས་བྱས་པ་དེ་ཐོག་ནས“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་བྱེད་པའི”ཉེན་ཁའི་རེ་ངན་དམར་རྗེན་དུ་མངོན་ཡོད། ཀྲུང་ཧྭ་མི་རིགས་ལ་ཁ་ཕྲལ་ལ་ངོ་རྒོལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གཟི་བརྗིད་སྲོལ་རྒྱུན་ལྡན་ཡོད། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ནི་མེས་རྒྱལ་གཅིག་གྱུར་གྱི་འགལ་རྐྱེན་ཆེ་ཤོས་དང་མི་རིགས་བསྐྱར་དར་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཞིག་རེད། འབྱུང་རྩ་བརྗེད་པ་དང་། མེས་རྒྱལ་ལ་རྒྱབ་གཏོད་བྱེད་པ། རྒྱལ་ཁབ་ཁ་ཕྲལ་གཏོང་བ་བཅས་བྱེད་མཁན་ཡིན་ཕྱིན་མཇུག་འབྲས་ཡག་པོ་རྩ་བ་ནས་མེད་པས་མི་དམངས་ཀྱིས་མཆིལ་མ་བཞིན་འདོར་ངེས་དང་ལོ་རྒྱུས་ཀྱི་འདྲི་གཅོད་བྱེད་ངེས་རེད། གཅིག་གྱུར་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་དག་པའི་ལམ་རེད། “ཐའེ་དབན་རང་བཙན”ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ལྡོག་པས་འཆི་ལམ་ཞིག་རེད། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོའི་མདུན་དུ“རང་བཙན”གྱི་ལྐོག་གཡོ་ཚང་མ་ཕམ་ངེས་ཡིན།
     དམངས་ཀྱི་འདོད་འདུན་ལས་འགལ་མི་རུང་ལ། འཕེལ་ཕྱོགས་ཆེན་པོ་ལས་ལྡོག་མི་རུང་། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བར་བྱེད་དགོས་ལ། གཅིག་གྱུར་ཡོང་ངེས་ཀྱང་རེད། མེས་རྒྱལ་གཅིག་གྱུར་ཡོང་བའི་གོ་སྐབས་དང་དུས་བབ་ཐོག་མཐའ་བར་གསུམ་དུ་ང་ཚོའི་ལག་ཏུ་དམ་པོར་བཟུང་ཡོད། མེས་རྒྱལ་གཅིག་གྱུར་བྱེད་པའི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཆོད་སེམས་རྡོ་རྗེ་བྲག་བཞིན་བརྟན་པོ་ཡོད་པས། མི་སུ་འདྲ་ཞིག་དང་། ཕྱོགས་གཏོགས་གང་རུང་ཞིག རྒྱལ་ཁབ་གང་རུང་ཞིག་གི་དབང་གིས་འགྱུར་ལྡོག་གཏོང་མི་ཐུབ། ང་ཚོས་ཕྱི་རོལ་ཕྱོགས་གཏོགས་ཀྱིས་ཐེ་ཇུས་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཕྱོགས་གཏོགས་ལ་བར་མཐོངས་གཏན་ནས་འཇོག་རྒྱུ་མིན།