འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་2ཉིན།

༄༅།།གྲངས་འཛིན་ཞབས་ཞུ་ལས་བོད་ཀྱི་མང་ཚོགས་ཀྱི་འཚོ་བར་ཕན་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་02ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། “བརྙན་ལེན་པར་ཆས་AI”ཡིས་བཟའ་བཅའི་བདེ་འཇགས་ཕྱི་གསལ་ནང་གསལ་ཡོང་བར་བྱེད་པ་དང་། “རིག་ནུས་ནག་པང”གིས་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གསོ་མཐོར་གཏོང་ལ་རམ་འདེགས་བྱེད་པ་སོགས་ཟླ་7ཚེས་28ནས་ཚེས་30ཉིན་བར་གྲངས་འཛིན་དཔལ་འབྱོར་བརྗོད་གཞིའི་དབུ་ཚོགས་དེ་ལྷ་སར་འཚོགས་པ་དང་། གསར་འགོད་པས་དབུ་ཚོགས་འཚོག་ཡུལ་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར་གྲངས་འཛིན་དཔལ་འབྱོར་བོད་དུ་སྤྱོད་ཚད་མང་དུ་སོང་བ་དང་སྦྲགས། གྲངས་འཛིན་དཔལ་འབྱོར་གྱིས་བོད་ཀྱི་མང་ཚོགས་ཀྱི་འཚོ་བར་སྔར་བས་སྟབས་བདེ་སྐྲུན་བཞིན་ཡོད་པ་རེད།
   དབུ་ཚོགས་ཀྱི་གྲངས་འཛིན་དཔལ་འབྱོར་མྱོང་རོལ་ཁུལ་དུ་ཀྲུང་གོའི་གློག་འཕྲིན་གྱིས་ལྟ་སྐོར་དུ་ཡོང་མཁན་ལ“རིག་ནུས་ལ་བརྟེན་པའི་བཟའ་བཅའི་བདེ་འཇགས”ཀྱི་ལས་སྟེགས་ཤིག་བསྟན་ཞིང་། ལས་སྟེགས་དེས་མི་ཐབས་ཀྱི་རིག་ནུས་དང་པར་རིས་གསལ་འབྱེད་ལག་རྩལ་ལ་གཞིགས་ཏེ“བརྙན་ལེན་པར་ཆས་AI”ལ་བརྟེན་ནས་འཛད་སྤྱོད་པ་དང་ལྟ་འདོམས་སྡེ་ཚན་ལ་ཟ་ཁང་གི་ཐབ་ཚང་གི“གནས་ཚུལ་ཐད་གཏོང”བྱས་ཏེ། ཐབ་ཚང་གཙང་མ་ཡོད་མེད་དང་གད་སྙིགས་ཡོད་མེད་སོགས་ཀྱི་གནས་ཚུལ་རང་འགུལ་ངང་དབྱེ་འབྱེད་བྱས་ཏེ། བཟའ་བཏུང་ལས་སྣོན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་ཕྱི་གསལ་ནང་གསལ་མངོན་འགྱུར་ཐུབ་ནས་བཟའ་བཅའི་བདེ་འཇགས་ཐད“གནས་ཚུལ་ཐོན་རྗེས་ཐག་གཅོད་བྱེད་པ”ནས“གནས་ཚུལ་མ་ཐོན་སྔོན་འགོག་ཐུབ་པ”བྱ་རྒྱུ་རེད།
   ཀྲུང་གོ་གློག་འཕྲིན་ལྷ་ས་ཡན་ལག་ཀུང་སིའི་ཚོང་ཤག་ཅིང་ལི་དབྱངས་སྒྲོན་གྱིས་ད་ཆ་བོད་ཀྱི་ཟ་ཁང་700ལྷག་ཙམ“རིག་ནུས་ལ་བརྟེན་པའི་བཟའ་བཅའི་བདེའི་འཇགས”ཀྱི་ལས་སྟེགས་སུ་འཛུལ་ཡོད་པ་དང་། དེས་ཟ་ཁང་གི་ཐབ་ཚང་གི་འཕྲོད་བསྟེན་ཡག་ཏུ་གཏོང་བ་དང་། ལས་སྣོན་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་ཡོང་བ་སོགས་ལ་ཕན་འབྲས་ཐོན་ནས་མང་ཚོགས་ཀྱི“ལྕེ་རྩེའི”བདེ་འཇགས་ཀྱི་ཚོར་སྣང་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བཤད།
   མཚོ་བོད་ས་མཐོའི་ལོ་འཁོར་མོའི་དྲོད་ཚད་འཕྲེད་ཐིག་གཅིག་མཚུངས་ཀྱི་ས་ཁུལ་ལས་དམའ་བ་ཡོད་པ་དེས་གྲངས་གཞི་ཆེ་མོའི་ལྟེ་གནས་འཁོར་སྐྱོད་ཀྱི་མ་གནས་ཆུང་དུ་འགྲོ་བར་ཕན་པ་ཡོད་ལ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཁྱད་དུ་འཕགས་པའི་རང་བྱུང་ཆ་རྐྱེན་ཀྱང་ལྡན་ཡོད། དེར་བརྟེན་བོད་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། གྲངས་འཛིན་ཁྱབ་ཁོངས་ཀྱི་ཁེ་ལས་མང་པོ་དང་མཉམ་ལས་བྱས་སྟབས་གྲངས་འཛིན་གྱི་ཞབས་ཞུ་ཉིན་རེ་ལས་མ་འདས་པར་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཕྱོགས་ཚང་མར་ཁྱབ་བཞིན་ཡོད།
   ཧྭ་ཝའེ་ལྷ་ས་དོན་གཅོད་ཁྲུའི་ཚོང་ཤག་ཅིང་ལི་ཚུང་ཞའོ་ཧང་གིས་གསར་འགོད་པར“གྲངས་འཛིན་ལག་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པ་དེས། སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བ་དང་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་འགྲོ་བར་རམ་འདེགས་ཐུབ་ཡོད”ཅེས་བཤད་བྱུང་། ཁོང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལ“རིག་ནུས་ནག་པང”ཁག་གཅིག་སྤྱོད་འགོ་ཚུགས་པས་ས་གནས་ཀྱི་སློབ་ཕྲུག་ལ་སློབ་ཁྲིད་ཉན་པའི་སྤྲོ་སྣང་ཇེ་ཆེར་འཕེལ་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད་ཅེས་བཤད།
    ཐེངས་དེའི་དབུ་ཚོགས་ནི། 2022ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་པེ་ཅིང་ཕུད་པའི་གྲོང་ཁྱེར་གཞན་ལ་གཉེར་བ་འབའ་ཞིག་ཡིན་པའི་བརྗོད་གཞི་གཙོ་བོའི་དབུ་ཚོགས་ཤིག་ཡིན་པ་དང་། དེ་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་གཙོ་གཉེར་བྱས་པ་ཞིག་ཡིན་པ་རེད།