མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་2022ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་
འདུའི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་16ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་བ་དང་མི་དམངས་ཀྱི་རེ་སྒུག་ལ་ལན་ཧུར་ཐག་བསློགས་ཏེ་སྨན་བཅོས་སྒྱུར་བཅོས་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
     སུན་ཁྲུན་ལན་ཚོགས་འདུར་ཞུགས་པ་དང་གསུང་བཤད་ཀྱང་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། 2022ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟླ་7ཚེས་14ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྨན་བཅོས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་བ་བརྒྱུད། ནད་གཞི་བཅོས་རྒྱུ་ལྟེ་བར་འཛིན་པ་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་བར་བསྒྱུར་བར་སྐུལ་འདེད་བཏང་སྟེ་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ནུས་ཤུགས་ཆེན་པོས་ཐག་གཅོད་བྱས་པ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲང་སྙོམས་རང་བཞིན་དང་ཁྱབ་གདལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འཛམ་གླིང་ཡོངས་སུ་ཆེ་ཤོས་དང་དམངས་ཡོངས་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་བ་ཞིག་བསྐྲུན་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་ཚོད་བགམ་ཐེག་ནས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད། རྒྱ་ཆེའི་སྨན་དོན་མི་སྣ་དང་སྨན་བཅོས་སྒྱུར་བཅོས་ལས་དོན་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་མི་དམངས་ཀྱི་རེ་སྒུག་ལ་ལན་ཧུར་ཐག་བསློགས་ཏེ་སྨན་བཅོས་སྒྱུར་བཅོས་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤོང་ཚད་རྒྱ་སྐྱེད་དང་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད། ཆུ་ཚད་མཐོ་བའི་སྨན་ཁང་གི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ནས་གཞི་རིམ་གྱི་ནུས་པ་ཆེ་རུ་གཏོང་དགོས། སྨན་བཅོས་སྒྲིག་གཞིས་མང་ཚོགས་ཀྱི་ནད་ལྟ་བ་དང་སྨན་བཅོས་བྱེད་པའི་གཞི་རྩའི་དགོས་མཁོར་འགན་སྲུང་བྱེད་དགོས་པ་ལས། ནད་གཞི་ཉེན་ཚབས་ཆེ་བ་སོགས་ཀྱི་ནད་པར་སྨན་བཅོས་སྒྲིག་གཞིས་རང་འགན་གཞན་དཀྲི་དང་དང་ལེན་མི་བྱེད་པའི་རིགས་བྱས་མི་ཆོག སྨན་རྫས་དང་རིན་གོང་མཐོ་བའི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པ་དང་ས་ཆ་གཞན་དུ་སྨན་བཅོས་བྱས་རིགས་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་ཐུབ་པ་སོགས་དམངས་ལ་སྟབས་བདེ་དང་དམངས་ཕན་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་དགོས། སྨན་བཅོས་ཞབས་ཞུའི་རིན་གོང་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད། མི་དོན་གྱི་ཕོགས་ཐོབ། ལས་རྗེས་ཞིབ་དཔྱད་སོགས་ཀྱི་སྒྱུར་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་དང་གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ། ཚན་རིག་དང་མཐུན་ལ་གནད་སྨིན་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་སུན་ཁྲུན་ལན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྨན་བཅོས་སྒྱུར་བཅོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ནས་སྨན་བཅོས་སྒྱུར་བཅོས་ཀྱི་འདུ་ཤེས་དང་། རྩ་དོན། ཐབས་ལམ་བཅས་བརྟན་དུ་བཏང་སྟེ“སྨན་གསུམ”མཉམ་འགུལ་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཞན་ཆ་སེལ་བ་དང་། གཞི་རིམ་སྟོབས་ཆེར་གཏོང་བ། ལམ་སྲོལ་འཛུགས་པ་བཅས་བྱེད་པ། སྨན་བཅོས་སྒྱུར་བཅོས་ཀྱི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་དེ་བས་ལེགས་པའི་ངང་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    སུན་ཁྲུན་ལན་གྱིས། ཉེ་བའི་ལོ་ཤས་རིང་། སྨན་བཅོས་སྒྱུར་བཅོས་དེ་ནད་གཞི་བཅོས་རྒྱུ་ལྟེ་བར་འཛིན་པ་ནས་བདེ་ཐང་ལྟེ་བར་འཛིན་པའི་བར་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་དང་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤོང་ཚད་རྒྱ་ཆེར་དང་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་བས་ཕན་འབྲས་རྒྱུན་མཐུད་ངང་ཐོན་ཞིང་། རང་རྒྱལ་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་2017ལོའི་ལོ་76.7ནས་2021ལོའི་ལོ་78.2བར་རིང་དུ་ཕྱིན་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་ལེགས་ཆ་དང་གསོན་ཤུགས་མངོན་ཡོད། ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་གསོ་རིག་ལྟེ་གནས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་སྨན་དོན་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་འདེགས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིམ་དབྱེའི་སྨན་བཅོས་རྣམ་པ་གཏོད་དགོས། གཞུང་བཙུགས་སྨན་ཁང་ནང་ཁུལ་གྱི་བཅོས་སྐྱོང་དང་ཞན་ཆ་ལྡན་པའི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྨན་རྫས་ཉོ་སྒྲུབ་དང་། སྨན་བཅོས་འགན་བཅོལ་གཏོང་སྤྲོད། མི་དོན་ཕོགས་ཐོབ་སོགས་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

  
style="display:none;"