འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུའི་སྤུས་ཚད་མཐོར་གཏོང་ལས་གྲྭ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུའི་སྤུས་ཚད་མཐོར་གཏོང་ལས་གྲྭ་དངོས་སུ་འགོ་ཚུགས་པ་དང་། ལས་གྲྭའི་རྣམ་གྲངས་དེར་ཚོད་རྩིས་བྱས་ན་ཁྱོན་མ་འཇོག་སྒོར་དུང་ཕྱུར་15.47བྱས་པ་དང་འཆར་གཞིའི་ལས་ཡུན་ལོ་1.5ཡིན་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ལས་གྲྭ་དེས་གཙོ་བོ་མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུའི་ལམ་གཞི་དང་འཁོར་ལམ་ལེགས་བཅོས་དང་། ཟམ་པ་དང་ཆུ་འགྲོ་ཁག་གཅིག་སྒྱུར་བཀོད། གཏེར་ལེན་ཁའི་བབས་ཚུགས་རྒྱས་སྐྲུན། མདའ་བཞི་རྫོང་གི་བབས་ཚུགས་གསར་སྐྲུན། བབས་ཚུགས་ཁག་གཅིག་གི་ད་ཡོད་ཀྱི་ཚུགས་སྟེགས་མཐོར་གཏོང་། བབས་ཚུགས་ཁག་གཅིག་གི་ལེ་ལག་ཚང་བའི་ཆར་ཁེབས་ཀྱི་སྒྲིག་བཀོད་ཁ་སྣོན་དང་སྒྱུར་བཀོད། ད་ཡོད་བབས་ཚུགས་ཀྱི་འབྱོར་ཐོན་ལམ་ཐིག་སྲུབས་མེད་ལམ་ཐིག་ཏུ་སྒྱུར་བཀོད་བཅས་བྱ་རྒྱུ་མ་ཟད། གློག་མཁོ་འདོན་དང་། འཕྲིན་གཏོང་། བརྡ་རྟགས་སོགས་ལྕགས་ལམ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་མཉམ་དུ་སྒྱུར་བཀོད་དང་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།
   མཚོ་བོད་ཚོགས་པ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུའི་སྤུས་ཚད་མཐོར་གཏོང་ལས་གྲྭ་ལག་ལེན་བསྟར་བ་ལས། མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་འགྲུལ་སྐྱེལ་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། ལྕགས་ལམ་སྐྱེལ་འདྲེན་གྱི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་འགྲོ་རྒྱུ། མཚོ་བོད་ས་མཐོའི་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་བཅས་རེད།