འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་23ཉིན།

༄༅།།བོད་ལྗོངས་ཀྱི་འགོ་ཁྲིད་འདི་ལ་གཞུང་གཏུག་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་23ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་དེ་སྔའི་རྫོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་ཉི་མར་ལྐོག་ཟའི་བྱས་ཉེས་དང་། ལྐོག་རྔན་བླངས་པའི་བྱས་ཉེས། ལྐོག་རྔན་སྤྲད་པའི་བྱས་ཉེས། ཉེར་ཕྱོགས་ཁྲིམས་འགལ་གྱི་བྱས་ཉེས་བཅས་ཀྱི་དོགས་པ་ཡོད་པའི་གྱོད་གཞི་དེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་དང་དོ་དམ་བྱས་པ་བརྒྱུད། ཀོང་པོ་རྒྱ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཀོང་པོ་རྒྱ་མདའ་རྫོང་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད།
     ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ནང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཉི་མར་ཡོད་པའི་གཏུག་བཤེར་དབང་ཆ་ཤེས་སུ་བཅུག་པ་མ་ཟད། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་ལ། དག་འབུད་བྱེད་མཁན་གྱི་བསམ་འཆར་ཡང་ཉན་འཇོག་བྱས་ཡོད། ཀོང་པོ་རྒྱ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་བ་ཉི་མས་གོ་གནས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་སྤྱི་པའི་རྒྱུ་ནོར་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བ་དང་། ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་ནོར་བླངས་པའི་གྲངས་འབོར་ཧ་ཅང་ཆེ། ཚུལ་དང་མི་མཐུན་པའི་ཁེ་ཕན་རག་ཐབས་བྱེད་ཆེད་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣར་རྒྱུ་དངོས་སྟེར་བ། ཁྲིམས་འཛིན་ལས་དོན་མི་སྣ་ཡིན་པའི་ངོས་ནས་ཉེར་ཕྱོགས་ཁྲིམས་འགལ་གྱིས་ནག་ཉེས་ཡོད་མཁན་ཡིན་པ་ཤེས་བཞིན་དུ་འགེབས་སྲུང་བྱས་ནས་ཁྲིམས་སྦྱོར་བདའ་འདེད་མི་བྱེད་པ་བཅས་རེད། ཁྲིམས་ལྟར་ལྐོག་ཟའི་བྱས་ཉེས་དང་། ལྐོག་རྔན་བླངས་པའི་བྱས་ཉེས། ལྐོག་རྔན་སྤྲད་པའི་བྱས་ཉེས། ཉེར་ཕྱོགས་ཁྲིམས་འགལ་གྱི་བྱས་ཉེས་བཅས་ཀྱི་ཐོག་ནས་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།