འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་22ཉིན།

༄༅།།ཟླ་བའི་གོ་ལའི་དངོས་དཔེ་ལས་མཐོ་གནོན་གཏེར་རྫས་ཐོག་མར་ཤེས་རྟོགས་བྱུང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 17:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཟླ་བའི་གོ་ལའི་དངོས་དཔེ་ལས་མཐོ་གནོན་གཏེར་རྫས་ཐོག་མར་ཤེས་རྟོགས་བྱུང་།
     མི་དམངས་དྲ་བའི་འཕྲིན། རྡབ་གཏུག་བྱེད་ནུས་ནི་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་དངོས་རྫས་མཉམ་བསྲེས་ཡོང་བའི་ས་གཤིས་གོ་རིམ་གལ་ཆེན་ཞིག་ཡིན་ལ། ཟླ་བའི་ས་རྒྱུ་གྲུབ་པ་དང་རིམ་འགྱུར་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན། མཐོ་གནོན་གཏེར་རྫས་ནི་རྡབ་གཏུག་གི་དོན་རྐྱེན་བྱུང་ཚུལ་ཟིན་ཐོ་འགོད་ཐུབ་མཁན་གཙོ་བོ་ཞིག་ཡིན་སྟབས། བྲག་རྡོ་ལ་རྡབ་གཏུག་ཐེབས་པའི་དྲོད་གནོན་ཆ་རྐྱེན་ཚོད་འཛིན་ང་རྡབ་གཏུག་དོང་གི་ཆེ་ཆུང་ལྡོག་སྟོན་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད། འོན་ཀྱང་ཟླ་བའི་གོ་ལའི་ཕྱིར་འཁྱེར་དངོས་དཔེ་དང་ཟླ་བའི་གོ་ལའི་སྐར་རྡོ་ནང་མཐོ་གནོན་གཏེར་རྫས་མཐོང་རྒྱུ་ཉུང་བས་དེས་ཟླ་བའི་གོ་ལའི་དངོས་དཔེ་བརྒྱུད་ཟླ་བའི་གོ་ལའི་ཕྱི་ངོས་རྡབ་གཏུག་བྱེད་རིམ་ལྡོག་སྟོན་ལ་ཞིབ་འཇུག་བྱ་རྒྱུར་ཚོད་འཛིན་ཐེབས་ཡོད་པ་རེད།
     ཟླ་བའི་ལྷ་མོ་ཨང་ལྔ་པས་ཁྱེར་ཡོང་བའི་ཟླ་བའི་གོ་ལའི་དངོས་དཔེ་ལ་ཞིབ་འཇུག་བྱས་པ་བརྒྱུད། ཀྲུང་གོ་ཚན་རིག་ཁང་གཤིབ་བསྡུར་སྐར་མ་རིག་པའི་ཕུལ་བྱུང་གསར་གཏོད་ལྟེ་གནས་ཀྱི་ཁོངས་མི་དང་། ཀྲུང་གོ་ཚན་རིག་ཁང་སའི་གོ་ལའི་རྫས་འགྱུར་ཞིབ་འཇུག་སུའོ་ཡི་ཏུའུ་ཝུའེ་ཚོགས་པ་དང་དེའི་མཉམ་ལས་པས་དངོས་དཔེ་ཁྲོད་མཉམ་དུ་གནས་པའི་དབྱང་གཉིས་སྭེལ་འགྱུར་གྱི་མཐོ་གནོན་མཚན་ཏེ་དཀར་གོང་ཐོག་མར་ཤེས་རྟོགས་བྱུང་བ་རེད།
     ཟླ་བའི་གོ་ལའི་ཕྱི་ངོས་ན་རྣམ་པ་འདྲ་མིན་སྣ་ཚོགས་དང་ཆེ་ཆུང་མི་འདྲ་བའི་རྡབ་གཏུག་དོང་ཁྱབ་པ་དེས་དེ་ཉིད་རིམ་འགྱུར་བྱུང་བའི་གོ་རིམ་ཁྲོད་དུ་རྡབ་གཏུག་ཡང་ཡང་ཐེབས་པ་མཚོན་ཐུབ། སའི་གོ་ལ་དང་ཟླ་བའི་གོ་ལ་གཉིས་ཀྱི་གནས་ས་འདྲ་མཚུངས་ཡོད་ཅིང་། ཟླ་བའི་གོ་ལའི་རྡབ་གཏུག་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུ་ནི་ཟླ་བའི་གོ་ལའི་ཚན་རིག་གི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། སའི་གོ་ལའི་ལོ་རྒྱུས་ལ་ལྐོག་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན། རང་བྱུང་ཁམས་ཀྱི་མཐོ་གནོན་གཏེར་རྫས་ནི་གཙོ་བོ་རྒྱུ་སྐར་གྱི་གཏིང་རིམ་དང་ཡང་ན་འཇིག་རྟེན་སྐར་མའི་གོ་ལར་རྡབ་གཏུག་ཐེབས་པའི་མཐོ་དྲོད་གནོན་མཐོའི་ཁོར་ཡུག་ནས་གྲུབ་ཡོད་པ་རེད། དེའི་ཕྱིར་མཐོ་གནོན་གཏེར་རྫས་ཀྱི་གྲུབ་ཆ་དང་། ཆགས་ཚུལ་དང་དེ་ཉིད་གྲུབ་པའི་གོ་རིམ་བཅས་ལ་ཞིབ་འཇུག་བྱས་ན་རྒྱུ་སྐར་ནང་ལོགས་ཀྱི་དངོས་རྫས་ཀྱི་གྲུབ་ཚུལ་དང་རྡབ་གཏུག་གི་གོ་རིམ་ངོས་འཛིན་བྱེད་པར་ཚན་རིག་གི་དོན་སྙིང་གལ་ཆེན་ལྡན་ཡོད། 
༄༅།།ཟླ་བའི་གོ་ལའི་དངོས་དཔེ་ལས་མཐོ་གནོན་གཏེར་རྫས་ཐོག་མར་ཤེས་རྟོགས་བྱུང་།