འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་22ཉིན།

༄༅།།དབྱིན་ཏ་ཅི་ཧོང་ལས་གྲྭའི་མ་ཡུར་ནུབ་མའི་ཕུག་ལམ་32པ་བདེ་བླག་ངང་ཏལ་འབིགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་22ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་18ཉིན། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་གནས་པའི་དབྱིན་ཏ་ཅི་ཧོང་ལས་གྲྭའི་མ་ཡུར་ནུབ་མའི་ཕུག་ལམ་32པ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི“ཆུ་བེད་ཨང་དང་པོའི”ལས་གྲྭའི——དབྱིན་ཏ་ཅི་ཧོང་ལས་གྲྭས་མཐའ་མའི“འགག་གནད”ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། ཡན་ལག་རྣམ་གྲངས་དྲུག་གི་འཛུགས་སྐྲུན་གཙོ་བོའི་ལས་འགན“མཇུག་བསྡུའི”དུས་མཚམས་སུ་སླེབས་ནས། ལས་གྲྭ་སྤུས་ཚད་ལེགས་པོའི་ངང་ནས་འཁོར་རྒྱུག་ཐུབ་པ་དང་མཚོ་སྔོན་གྱི་མི་དམངས་ལ་ཕྱོགས་ཡོངས་ནས་བདེ་སྐྱིད་སྐྲུན་ཆེད་རྨང་གཞི་བརྟན་པོ་བཏིང་པ་མཚོན་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཕུག་ལམ་32པའི་སྤྱིའི་རིང་ཚད་སྨི་4313.9ཟིན་པ་དང་2017ལོའི་ཟླ་9པར་སྐྲུན་འགོ་ཚུགས་པ་རེད། དུས་འགོའི་ས་གཤིས་རྩད་ཞིབ་བྱེད་སྐབས། གས་སྲུབས་8ཡོད་པ་ཤེས་པ་དང་། ཐོར་ཞིག་སོང་བའི་Vརིགས་བྲག་སྐོར་ལ་སྨི་3123ཡོད་པ་དེས་ཕུག་ལམ་སྤྱིའི་རིང་ཚད་ཀྱི་72%བཟུང་བས་ཕུག་ལམ་འདྲུ་བར་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་འཕྲད་ཡོད། ས་འོག་ཏུ་ཆུ་མང་པོ་ཡོད་པས་མང་ཤོས་ཀྱི་སྐབས་སུ་ཉིན་ལྟར་ཆུ་དོན་ཚད་སྨི་རྒྱ་དཔངས་གྲུ་བཞི་12000ཙམ་ཟིན་པས། ལས་གྲྭའི་དཀའ་གནད་དང་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད། ཨར་ལས་བྱེད་རིང་། ས་ཉིལ་བ་དང་། ཆུ་དོན་པ། ཆུ་སྙིགས་དོན་པ་སོགས་ཐོལ་བྱུང་ཉེན་ཁའི་གནས་ཚུལ་ཁྱོན་40ལྷག་ཙམ་ཐོན་ཡོད། དཀའ་ངལ་ཆེ་ཤོས་སྐབས་སུ་ཕུག་ལམ་དེ་ཟླ་རེར་སྨི་7ཙམ་ལས་འདྲུ་མི་ཐུབ་པས། ས་གཤིས་ཡག་པོ་མེད་པའི་ལམ་དུམ་གྱིས་ཨར་ལས་ཀྱི་འཕེལ་རིམ་ལ་ཚོད་འཛིན་ཚབས་ཆེན་བཟོས་ཡོད། ཕུག་ལམ་སྔ་ཙམ་ཏལ་འབིགས་ཐུབ་པ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཆུ་བེད་སྡེ་ཚན་གྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་པ། ལས་གྲྭ་འཛུགས་སྐྲུན་ལ“ཐོགས་མེད་བགྲོད་ལམ”གཏོད་པ་བཅས་བྱས་པས། ཕུག་ལམ་ཏལ་འབིགས་བདེ་བླག་ཡོང་བའི་འགན་ལེན་ཐུབ་པ་དང་ལས་གྲྭར་སྐུལ་འདེད་ཡག་པོ་གཏོང་བའི་འགན་ལེན་བྱས་ཡོད་པ་རེད།