འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་16ཉིན།

༄༅།།མཚོ་སྔོན་གྱིས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་ཁྲི་29.4འཛུགས་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་16ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ●འདི་ལོའི་ཟླ་5པའི་ཟླ་མཇུག་བར། མཚོ་སྔོན་གྱིས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་ཁྲི་29.4འཛུགས་སྐྲུན་བྱས་པས། རྨོ་ཞིང་གི་སྤུས་ཚད་སོགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ལོ་རེར་ཆ་སྙོམས་འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་ཡོད།
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5པའི་ཟླ་མཇུག་བར། མཚོ་སྔོན་གྱིས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་ཁྲི་29.4འཛུགས་སྐྲུན་བྱས་པས། རྨོ་ཞིང་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཆུའི་ཐོན་ཁུངས་སྤྱོད་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་ལོ་རེར་ཆ་སྙོམས་འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་ཡོད།
   མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། 2022ལོར་མཚོ་སྔོན་གྱིས་ཚད་གཞི་མཐོ་བའི་ས་ཞིང་སྤྱི་ཆིང་ཁྲི་1.35འཛུགས་སྐྲུན་དང་ས་ཞིང་སྤྱི་ཆིང་ཁྲི་0.08ལ་ནུས་ཆེ་གྲོན་ཆུང་ངང་ཆུ་གཏོང་བའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་གྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།
    ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་བྱེད་ཐབས་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་དཀའ་གནད་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས། 《ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》དང་། 《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དོ་དམ་བྱ་ཐབས》 《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་འཛུགས་སྐྲུན་མ་དངུལ་དོ་དམ་བྱ་ཐབས》སོགས་རྩེ་རིམ་ཇུས་འགོད་རྨང་གཞིར་བྱས་པའི་ལམ་ལུགས་དང་མ་ལག་བཙུགས་ཏེ། ས་གནས་ཁག་གིས་ལེ་ལག་ཚང་སྒྲིག་གི་དོ་དམ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་པ་དང་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་ནུས་པ་ཆེ་རུ་འགྲོ་རྒྱུར་འདེགས་སྐྱོར་ཐུབ་ཡོད།