འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་13ཉིན།

༄༅།།གངས་ལྗོངས་ཀྱི་སྤྲེའུ་སྤུ་སེར་སྲུང་མཁན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་13ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཁྲང་ཧྲན་དང་དབྱང་ཅིང་།
     ཤིན་ཏུ་གསལ་བའི་གློག་ཤེལ་གྱིས་རང་འགུལ་ངང་སྤྱི་ལེ་2ཀྱི་ཁྱབ་ཁོངས་ཀྱི་སྤྲེའུ་ཁྱུ་སྒུལ་སྐྱོད་བྱེད་པའི་གནས་ཚུལ་པར་ལེན་ཐུབ་པས། ལས་དོན་མི་སྣས་ཁྱིམ་ནས་དོན་མི་དགོས་པར་ལས་དོན་ས་ཚིགས་ཀྱི་ཤིང་ཁང་ནས་བརྙན་ཤེལ་བརྒྱུད་ཁོ་ཚོའི་སྒུལ་སྐྱོད་ལ་ལྟ་ཞིབ་བྱེད་ཐུབ། དེ་ནི་ཡུན་ནན་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་དེང་རབས་ཀྱི་སྒྲིག་ཆས་སྤྱད་དེ་གངས་ལྗོངས་ཀྱི་སྤྲེའུ་སྤུ་སེར་སྲུང་བའི་རྣམ་པ་ཞིག་རེད།
     སྤྲེའུ་སྤུ་སེར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་ཡུལ་གྱི་སྲོག་ཆགས་ཤིག་རེད་ལ། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)གྱི་མིང་གཞུང་དམར་པོའི་ནང་གི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཤིག་ཀྱང་རེད།
     ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ཐ་གྲོང་གྲོང་རྡལ་དུ་ཆགས་པའི་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞང་ཀུ་ཆིང་ཡུག་ཁུལ་དུ་ནགས་སྲུང་བ་དང་ཚན་ཞིབ་ལས་དོན་པ་ཁག་གཅིག་གིས་གངས་ལྗོངས་ཀྱི་སྤྲེའུ་སྤུ་སེར་དེ་དག་སྲུང་བཞིན་ཡོད།
    ཞང་ཀུ་ཆིང་ཡུག་ཁུལ་དུ་སྲོལ་རྒྱུན་གྱི་ཤིང་ཁང་ཞིག་ཡོད་པ་དེ་སྤྲེའུ་སྤུ་སེར་ལ་ལྟ་ཞིབ་བྱེད་པའི་ལྟ་སྐུལ་ཚོད་འཛིན་ཁང་དུ་གྱུར་ཡོད། “སྔོན་ཆད་རི་ཀླུང་བརྒལ་ཡང་ད་དུང་སྤྲེའུ་ཁྱུ་དང་འཕྲད་པའི་ངེས་པ་མེད། ད་ཆ་ཕྱིར་འགྲོ་དགོས་མེད་པར་སྤྲེའུ་ཁྱུའི་བྱེད་ལུགས་བྱེད་སྟངས་ཚང་མ་ཧ་ཅང་གསལ་པོར་མཐོང་ཐུབ”ཅེས་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚིགས་ཀྱི་ཀྲན་ཀྲང་ལའེ་ཅན་ཏུང་གིས་ཤིང་ཁང་ནས་བརྙན་ལམ་ལ་ལྟ་བཞིན་དུ་དེ་ལྟར་བཤད།
    2020ལོར་སླེབས་སྐབས་ལས་དོན་ས་ཚིགས་ཀྱིས་སྔོན་ཐོན་གྱི་བརྒྱུད་གཏོང་ལག་རྩལ་དང་ནུས་ཆེའི་འཚོལ་ཞིབ་སྒྲིག་ཆས་སྤྱོད་པའི་ལྟ་སྐུལ་ཚོད་འཛིན་མ་ལག་བཙུགས་ནས། ནུས་ལྡན་གྱི་ཁྱབ་ཁོངས་སུ་སྤྲེའུ་སྤུ་སེར་གྱི་སྒུལ་སྐྱོད་རྗེས་ཤུལ་ལ་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད། ལའེ་ཅན་ཏུང་གིས་འཛུགས་སྐྲུན་བྱས་པའི་སྒྲིག་ཆས་དེ་ཚོས་མཐའ་འཁོར་གྱི་ཁོར་ཡུག་ལ་གནོད་འཚེ་མི་ཕོག་པའི་འགན་ལེན་བྱེད་ཆེད། ད་དུང་ཉི་ནུས་གསོག་འཇོག་གློག་རྫས་སྤྱད་དེ་སྒྲིག་ཆས་ལ་གློག་གཏོང་གི་ཡོད་ཅེས་བཤད།
    དེང་རབས་ཀྱི་སྒྲིག་ཆས་སྤྱད་དེ་སྤྲེའུ་ཁྱུར་ལྟ་ཞིབ་ཚད་ལེན་དང་། སྤྲེའུ་སྤུ་སེར་གྱི་འཚོ་གནས་ཁོར་ཡུག་དང་སྐྱེ་ཁམས་ལ་སྲུང་སྐྱོང་། ས་གནས་དེ་གའི་མང་ཚོགས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་སོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག་དེར་སྤྲེའུ་སྤུ་སེར་གྱི་དགའ་ཚལ་དུ་གྱུར་ཡོད། དུས་རབས་20པའི་ལོ་རབས་80པའི་སྔ་རྗེས་སུ་རྔོན་རྒྱག་པ་དང་ཤིང་གཅོད་པ་སོགས་ཀྱི་བྱེད་སྤྱོད་ལས་སྤྲེའུ་སྤུ་སེར་གྱི་འཚོ་གནས་ཁུལ་ལ་གཏོར་བཤིག་ཐེབས་ནས། འཚོ་གནས་ཐད་འགྲན་སློང་ཧ་ཅང་ཆེན་པོ་ཕྲད་ཡོད།
    སྟོངས་ལ་ཉེ་བའི་སྤྲེའུ་སྤུ་སེར་སྐྱོབ་ཆེད། རྒྱལ་ཁབ་ཀྱིས་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་རེད། 1999ལོར་སྲུང་སྐྱོང་ཁུལ་གྱིས་འབྲེལ་ཡོད་ཕྱོགས་དང་མཉམ་ལས་བྱས་ཏེ“སྡེ་ཁུལ་གྱིས་མཉམ་དུ་དོ་དམ་བྱེད་པ”འཚོལ་ཞིབ་བྱས་ནས་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག མཐའ་འཁོར་གྱི་ཡུལ་མིའི་འཚོ་གནས་འཕེལ་རྒྱས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་ཞང་ཀུ་ཆིང་སོགས་གྲོང་ཚོ་ཁག་གཅིག་ཚོད་ལྟའི་ཁྱབ་ཁོངས་སུ་བཅུག་པ་རེད།
    ཡུལ་མི་ཚོས་རིམ་བཞིན་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཞུགས་པ་དང་། ད་ཆ་ཡུལ་མི་22སྤྲེའུ་སྲུང་མཁན་དུ་གྱུར་ཡོད།
     ཡུས་ཅན་ཧྭ་ཉིན་ལྟར་ཞོགས་པའི་ཆུ་ཚོད་8པ་ཙམ་ལ་རིར་འཛེག་པ་དང་ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་རི་ནས་བབས་ཏེ་སྤྲེའུ་སྤུ་སེར་དང“གྲོགས་པོར”གྱུར་ཡོད། སྤྲེའུ་སྲུང་སྐྱོང་བའི་ལས་དོན་ལས་ད་དུང་ཁོང་གི་ཡོང་འབབ་ཀྱི་གནད་དོན་ཐག་གཅོད་ཐུབ་སྟེ། ཟླ་རེར་ཡོང་འབབ་སྒོར་1800ཡོད།
    2019ལོར་སྤྲེའུ་སྤུ་སེར་གྱི་ས་ཁོངས་ཧྲིལ་པོའི་སྲུང་སྐྱོང་དྲ་བ་དངོས་སུ་བཙུགས་ནས་སྤྲེའུ་སྤུ་སེར་གྱི་ཁྱུ་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་། སྐོར་གཡེང་སྲུང་སྐྱོབ། འཚོ་གནས་ཁུལ་གྱི་བར་ཁྱམས་ཉམས་གསོ། སྡེ་ཁུལ་སྲུང་སྐྱོང་། རང་བྱུང་སློབ་གསོ་སོགས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་བྱེད་ཀྱི་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་དམར་ཕྱིའི་པར་ཆས་དང་། མི་མེད་གནམ་གྲུ། རྒྱང་ཚོར་ལག་རྩལ་སོགས་སྤྲེའུ་སྤུ་སེར་གྱི་དོ་དམ་སྲུང་སྐྱོང་ལས་དོན་ལ་སྤྱད་ནས“སྤྲེལ་གདོང”རང་འགུལ་དབྱེ་འབྱེད་དང་རང་འགུལ་ངང་ལྟ་ཞིབ་ཚད་ལེན་བྱེད་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་ཏེ། སྤྲེའུ་སྤུ་སེར་གྱི་ཁྱུ་ཚོགས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་ཐུབ་ཀྱི་ཡོད། བྱེས་སུ་སྒྲིག་སྦྱོར་བྱས་པའི་དམར་ཕྱིའི་པར་ཆས་ལ་ཐེབས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དེ་བས་མང་བའི་སྒུལ་སྐྱོད་ཀྱི་བརྙན་པར་ལས། དམིགས་སའི་རང་བཞིན་ལྡན་པའི་ངང་སྐྱེ་དངོས་ལ་སྲུང་སྐྱོང་བྱེད་པར་འདེགས་སྐྱོར་བྱས་ཡོད།
    སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་བསྟུན་ནས། པད་མ་གངས་རི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་པའི་སྤྲེའུ་སྤུ་སེར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་བཞིན་ཡོད། 1996ལོར་སྤྲེའུ་སྤུ་སེར་གྱི་ཁྱུ་ཚོགས་13དང་གྲངས་འབོར་1000ནས་1500བར་ཡོད། བརྟག་དཔྱད་དང་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་སྤྲེའུ་སྤུ་སེར་གྱི་ཁྱུ་ཚོགས་23དང་གྲངས་འབོར་3300ཡན་བར་མང་དུ་ཕྱིན་ཡོད།
   ལའེ་ཅན་ཏུང་གིས་སྤྲེའུ་སྲུང་མཁན་གྱིས་སྤྲེའུ་སྤུ་སེར་སྲུང་སྐྱོང་ཡག་པོ་བྱེད་པ་དང་དུས་མཚུངས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཧུར་ཐག་བྱས་པས། དེ་སྔ་བེད་སྤྱོད་ཤུགས་ཆེན་བྱས་པའི་རི་སྐྱེས་ཐོན་ཁུངས་ཀྱང་སླར་གསོ་བྱུང་བཞིན་ཡོད་ཅེས་བཤད་པ་རེད།