འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་10ཉིན།

༄༅།།རྣམ་པ་ཡོངས་སུ་བརྗེས་པའི་ཧྲན་ཏུང་གི་ས་གཞི་ཆེན་མོ།

—— སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཧྲན་ཏུང་གི་ལེའུ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་10ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་ཐེངས་གསུམ་གནང་ནས་ཧྲན་ཏུང་ལ་ཐུགས་རེ་ཟབ་མོ་བཅོལ་བ་མ་ཟད། “འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཧུར་ཐག་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བའི་ཐད་མདུན་གྲལ་དུ་སྐྱོད་པ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་སྐྱོད་པ་བཅས་བྱེད་དགོས”ཞེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཧྲན་ཏུང་གིས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཞིང་ཆེན་སྟོབས་ཆེན་སྐྲུན་པའི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད།
    “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་ནུས་ལྡན་ཐོབ་པར་སྐུལ་འདེད་གཏོང་དགོས”
     དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཧྲན་ཏུང་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། འོན་ཀྱང་དཔལ་འབྱོར་མགྱོགས་མྱུར་འཕར་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་སྒྱུར་བའི་བརྒྱུད་རིམ་ནང་ཧྲན་ཏུང་ལ་ཐོན་ལས་གྲུབ་ཆ་སྤྱིར་ན་ལྕི་ཙམ་དང་གསར་དར་ཐོན་ལས་ཀྱི་སྤྱི་འབོར་ཆུང་ཙམ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་འཕྲད་ཡོད།
     2018ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས“མ་འཇོག་ཁོར་ཡུག་བཟང་བའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་དགོས”“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་ནུས་ལྡན་ཐོབ་པར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
     རྗེས་ལུས་ཀྱི་ཐོན་ནུས་མེད་པ་བཟོ་ཤུགས་ཆེ་རུ་བཏང་བ། 2018ལོ་ནས་བཟུང་རིམ་རྩིས་བྱས་ན་བཙོ་སྦྱངས་ཐོན་ནུས་ཏུན་ཁྲི་2352བསྡུ་སྒྲིལ་གཙང་སེལ་བྱས་པ་དང་། རིམ་རྩིས་བྱས་ན“ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག”བཅས་ཀྱི་ཁེ་ལས་ཁྲི་11ལྷག་ཙམ་བཅོས་སྒྲིག་བྱས་པ་མ་ཟད། རྫས་འགྱུར་བཟོ་ལས་གླིང་ཁུལ་199ནས་84བར་ཉུང་དུ་བཏང་ཡོད།
     སྲོལ་རྒྱུན་འགུལ་ནུས་རིམ་སྤོར་བྱས་པ། ལོ་4ཡི་རིང་ལག་རྩལ་སྒྱུར་བཅོས་རྣམ་གྲངས་ཁྲི་3.8ལ་མ་དངུལ་སྒོར་ཁྲི་500བཏང་བ་དང་མ་འཇོག་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
     འགུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ན་ནིང་ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ཀྱི་དཔལ་འབྱོར་འཕར་ཐང་གིས་བཟུང་བའི་བསྡུར་ཚད་31.7%ཟིན་ནས་2017ལོ་ལས་བརྒྱ་ཆའི་གྲངས་10འཕར་བ་དང་། “གསར་པ་བཞིའི”དཔལ་འབྱོར་མ་འཇོག་གིས་བཟུང་བའི་བསྡུར་ཚད་ཕྱེད་ཀ་ལས་བརྒལ་ནས་51.2%ཟིན་ཡོད།
     2018ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་སུ་རྟོག་ཞིབ་གནང་སྐབས་འགག་རྩའི་ལྟེ་བའི་ལག་རྩལ་ཞིབ་སྤེལ་ཐད་ང་ཚོར་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་ཞེས་སྐུལ་ལྕག་གནང་བྱུང་། ལོ་4ཡི་རིང་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་རྩེར་སོན་རྫས་འགྱུར་ཐོན་རྫས་ཉི་ལུང་12དང་། ཉིང་མོང་ཆོན། རུལ་སླ་བའི་སྤོས་འགྱིག་སོགས་ཀྱི་ཐད་ཚད་བརྒལ་བསྟུད་མར་བྱུང་ནས་རང་བརྟེན་གསར་གཏོད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཕྱིར་ཚོང་ཡོང་འབབ་ཀྱང་སྒོར་དུང་ཕྱུར་600ལྷག་ཙམ་ནས་སྒོར་དུང་ཕྱུར་1400ལྷག་ཙམ་བར་འཕར་བ་དང་ཁེ་སྤོགས་ཀྱང་སྒོར་དུང་ཕྱུར་100རིམ་པ་ནས་སྒོར་དུང་ཕྱུར་200རིམ་པའི་བར་འཕར་ཡོད”ཅེས་དབན་ཧྭ་ཚོགས་པའི་ཏུང་ཧྲེ་ཀྲང་ལེའོ་ཙེང་ཐའེ་ཡིས་བརྗོད།
   “‘ཞིང་གསུམ’གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་རྩ་བ་ནི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཞིང་ལས་ལམ་བུར་བསྐྱོད་རྒྱུ་དེ་ཡིན”“ཞིང་ལས་ཀྱི་ཞིང་ཆེན་ཆེན་པོའི་འགན་འཁྲི་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཡིན”ཞེས་ཧྲན་ཏུང་གི“ཞིང་གསུམ”གྱི་གནད་དོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་མངགས་དེ་ལྟར་གནང་ཡོད།
     གྲོའི་སྣ་ཁ་ཅི་ནན་གྱི་གྲོ་ཨང་55ནི་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་འདེབས་གསོ་བྱས་པའི་སྣ་ཁ་གསར་པ་ཞིག་ཡིན་ཞིང་། རྒྱལ་ཡོངས་སུ་ཚོད་འདེབས་བྱས་པའི་ཁྲོད་ལོ་མང་བསྟུད་མར་འདེབས་འཛུགས་རྒྱ་ཁྱོན་ཆེ་ཤོས་ཀྱི་ཅི་ནན་གྱི་གྲོ་ཨང་22ཀྱི་ཐོན་འཕར་5%ཙམ་ཟིན་པ་དང་སྤུས་ཚད་རྒྱལ་ཁབ་ཀྱི་སྤུས་ལེགས་གྲོའི་ཚད་གཞིར་སླེབས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ཏེ། ང་ཚོས་ཞིབ་སྤེལ་ཧུར་ཐག་བྱས་ནས་དེ་བས་ལེགས་པའི་ས་བོན་སྤྱད་དེ་འབྲུ་རིགས་དེ་བས་མང་བ་དང་དེ་བས་ལེགས་པ་ཐོན་སྐྱེད་བྱ་རྒྱུ་ཡིན”ཞེས་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སུང་ཅན་མིང་གིས་བརྗོད།
   “‘ལོ་ལྔ་ཚན་བཅུ་བཞི་པའི’རིང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་འགན་ལེན་བྱེད་དགོས”
     2021ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།
    ཁོང་གིས“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱས་ནས་རྨ་ཆུས་ནམ་ཡང་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
    2021ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུག་ཁུལ་དུ་རྟོག་ཞིབ་གནང་སྐབས། རྨ་ཆུའི་འདམ་ར་སྲུང་སྐྱོང་བྱ་རྒྱུ་དེ་བླ་ན་མེད་པའི་བྱ་གཞག་ལ་བརྩི་དགོས་ཞེས་ནན་བཤད་གནང་བ་རེད།
    ཧྲན་ཏུང་རྨ་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཅིང་ཉེ་ཆར་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་པོའི་བྱ་ཕྲུག་གི་གྲངས་འབོར་བསྡོམས་རྩིས་དང་སྐྱེ་ཁམས་ཆར་དུས་བསུ་བའི་གྲ་སྒྲིག་ལ་བྲེལ་བཞིན་ཡོད། “འདི་ལོ་ནས་བཟུང་སྲུང་སྐྱོང་ཁུལ་གྱི་འདམ་ར་སྤྱི་ཆིང་1000ཉམས་གསོ་བྱས་པ་དང་། 1992ལོར་སྲུང་སྐྱོང་ཁུལ་ཐོག་མར་བསྐྲུན་པའི་སྐབས་ཀྱི་འདབ་ཆགས་སྣ་ཁ་187ནས་371བར་མང་དུ་ཕྱིན་ཡོད”ཅེས་ལིའུ་ཅིང་གིས་བརྗོད།
     2021ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས། “བདེ་སྡོད་དམངས་ཕྱུག་གི་ལས་དོན་ཏན་ཏིག་སྒྲུབ་དགོས”“མི་དམངས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས”ཞེས་གསུངས་པ་རེད།
    “ང་ཚོའི་སྡེ་ཁུལ་གྱིས་ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ནས་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་དང་གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་ཕྱིན་ཡོད། སྡེ་ཁུལ་དུ་ད་དུང་བུ་བཅོལ་ཁང་དང་། རྒན་གསོ་ཁང་། འཕྲོད་བསྟེན་ཁང་བཅས་བཙུགས་ཡོད། འཚོ་བ་དེ་འདྲ་སྔོན་མ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་ཧྲན་ཏུང་ཏུང་དབྱིང་གྲོང་ཁྱེར་དབྱང་མེའོ་སྡེ་ཁུལ་གྱི་གྲོང་མི་ཞུས་ཅན་ཧྥུང་གིས་བརྗོད།
    “ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་དང་དར་རྒྱས་སུ་གཏོང་རྒྱུ་ཆ་རྐྱེན་དུ་བྱེད་དགོས”
    2013ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་ལིང་དབྱི་རུ་རྟོག་ཞིབ་གནང་སྐབས། ས་གནས་དེ་གའི་སྔོན་ཐོན་དཔེ་བཟང་བ་དང་སྔོན་མ་གཡུལ་སར་རྒྱབ་སྐྱོར་བྱེད་མཁན་དཔེ་བཟང་བའི་མི་རབས་རྗེས་མའི་འཐུས་མིར་མཇལ་འཕྲད་གནང་ཞིང་། ཡུས་ཨའེ་མའེ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
    ཡུས་ཨའེ་མའེ་ནི་དབྱི་མོང་གི་སྐྱེད་མ་ཝང་ཧོན་ཡུས་ཀྱི་ཚ་མོ་དང་དབྱི་མོང་གསར་བརྗེའི་བཟའ་ཟླ་ཀྲང་ཧྲུའུ་ཀྲེན་གྱི་བུ་མོ་ཡིན་ཞིང་། ལོ་བདུན་ཅུ་ཙམ་ལ་སླེབས་ཀྱང་དབྱི་མོང་གི་སྙིང་སྟོབས་སྒྲོག་འགྲེལ་བྱེད་པའི་འཐབ་ས་དང་པོར་སྔར་བཞིན་ལས་ཀ་བྱེད་བཞིན་ཡོད། ཡུས་ཨའེ་མའེ་ཡིས“ད་ཆ་ངའི་བུ་མོ་ཡང་སྒྲོག་འགྲེལ་དཔུང་ཁག་ལ་ཞུགས་ཡོད། ང་ཚོས་རྒན་རབས་ཚོས་བཞག་པའི་དབྱི་མོང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་བརྗོད།
     2013ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལིང་དབྱི་རུ་རྟོག་ཞིབ་གནང་སྐབས་དབྱི་མོང་གི་སྙིང་སྟོབས་དེ་ཡན་ཨན་གྱི་སྙིང་སྟོབས་དང་། ཅིང་ཀང་ཧྲན་གྱི་སྙིང་སྟོབས། ཤིས་པའེ་པོའི་སྙིང་སྟོབས་བཅས་དང་འདྲ་བར་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས་དུས་རབས་གསར་པའི་ཆ་རྐྱེན་དང་རྒྱུན་ཆད་མེད་པར་ཟུང་འབྲེལ་བྱས་ནས་དར་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་བྱས་ཏེ་ཧྲན་ཏུང་གིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་གསར་བརྗེའི་རིག་གནས་བརྒྱུད་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་སྟེ། ཧྲན་ཏུང་རྟེན་རྫས་བཤམས་མཛོད་ཁང་གིས་གསར་བརྗེའི་རིག་དངོས་ཀྱི་གཞི་མ་སྲུང་སྐྱོང་དང་གྲངས་འཛིན་ཅན་གྱི་སྒོ་ནས་སྲུང་སྐྱོང་དང་། དབྱི་མོང་ཏང་གཤིས་སློབ་གསོའི་རྟེན་གཞི་སྐྲུན་པ། མི་རིགས་ཀྱི་གླུ་གར《དབྱི་མོང་རི་བོ》སོགས་རིག་རྩལ་གྱི་བརྩམས་ཆོས་ཕུལ་བྱུང་ཁག་གཅིག་གསར་རྩོམ། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བརྒྱ་ཙམ་སྐྲུན་པ་བཅས་བྱས་པ་རེད།
     2013ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་ཆུས་ཕུའུ་རུ་ཡོད་པའི་ཁུང་ཚང་དང་ཁུང་ཙི་ཞིབ་འཇུག་ཁང་དུ་གཟིགས་སྐོར་དང་རྟོག་ཞིབ་གནང་སྐབས། ཁོང་གིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་སྟོབས་འབྱོར་ལྡན་པ་བྱེད་དགོས་ན་རིག་གནས་དར་རྒྱས་འདེགས་སྐྱོར་དུ་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་དང་དར་རྒྱས་སུ་གཏོང་རྒྱུ་ཆ་རྐྱེན་དུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་གིས་ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་གཉེར་བ་དང་། ཉི་ཧྲན་འཛམ་གླིང་རུའུ་ལུགས་རིག་པའི་ལྟེ་གནས་སྐྲུན་པ། གོ་ལ་ཧྲིལ་པོའི་རྒྱ་ཡིག་གནའ་དཔེ་མཐིལ་རྟོགས་འདུ་འགོད་ལ་སྐུལ་འདེད་གཏོང་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཏོད་པ་བཅས་བྱས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ཡོད།