འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་30ཉིན།

༄༅།།ཀན་སུའུ་ཀླུ་ཆུ་རྫོང་གི་བོད་རིགས་རྒད་པོ་ཞིག་གིས་འདབ་ཆགས་སྲུང་སྐྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་30ཉིན། 17:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཕྱག་རྡོར་གྱི་པར་དེབ་ཀྱི་ནང་དུ་ལོ་མང་པོའི་གོང་གི་འདྲ་པར་རྙིང་པ་ཞིག་ཡོད་པ་སྟེ། མུ་མཐའ་མེད་པའི་རྩྭ་ཐང་དུ། ཤ་རྩི་སྨུག་ལ་ལུས་སྟོབས་རྒྱས་པའི་བོད་རིགས་ཕོ་གསར་ཞིག་གིས་རང་ཉིད་ཀྱི་བུ་ཕྲུག་ཇི་བཞིན་ཁྲུང་ཁྲུང་སྐེ་ནག་གཅིག་པང་དུ་ཉར་ཡོད་པ་རེད།
     འདི་ལོ་ལོ་70ལ་སླེབས་པའི་ཕྱག་རྡོར་གྱི་ཁྱིམ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་གྱི་མཚོ་ཉིན་ངོགས་སུ་ཡོད་ལ། མཚོ་བོད་ས་མཐོའི་མཚོ་མོའི་འདམ་ར་དེ་ནི་ཁྲུང་ཁྲུང་སྐེ་ནག་དང་ངང་པ་མཆུ་སེར་སོགས་དུས་བྱའི་དགའ་ཚལ་ལྟ་བུ་རེད།
     དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་ནང་དུ། རྔོན་པ་དག་གིས་ས་མཐོའི་ལྷིང་འཇགས་དཀྲོགས་ནས་ངང་པ་མཆུ་སེར་བསད་པ་རེད། “ཐེངས་ཤིག་ལ། ངང་སེར་གཉིས་ལ་རྔོན་མདའ་ཕོག་སྟེ་གཅིག་ཤི་བས་གཞན་དེས་གམ་ནས་མཚན་གང་བོར‘མྱ་ངན’ཞུས་སོང”ཞེས་ཕྱག་རྡོར་གྱིས་བཤད།
     “སྙིང་རྗེ། ཡིད་སྐྱོ”ཞེས་བབ་ཆགས་པའི་བརྩེ་སེམས་དེ་ལ་བརྟེན་ནས་ཕྱག་རྡོར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ལམ་བུར་བསྐྱོད་པ་རེད།
     ལ་ལུང་མང་པོ་བརྒལ་ནས་རྔོན་པ་བདའ་བའམ་ཡང་ན་དེ་ཚོ་དང་ཁ་རྩོད་རྒྱག་པ་ནི་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྱུར་ཀྱང་། ཕྱག་རྡོར་གྱིས་ཅི་མི་སྙམ་པར“འདབ་ཆགས་སྐྱོབ་ཐུབ་ན་དེ་གས་ཆོག”ཅེས་བསམ་གྱི་ཡོད། “ཕྱིས་སུ་ཚང་མས་མཚོ་ཉིན་དུ་རྒད་པོ‘ངན་པ’ཞིག་ཡོད་པ་ཤེས་པས་རིམ་གྱིས་རྔོན་པ་མེད་པར་གྱུར། འདི་གའི་བྱིས་པ་ཚོས་ཀྱང་གལ་སྲིད་རྔོན་པ་མཐོང་ཚེ་མྱུར་དུ་ང་ལ་ཤོད་པར་ཡོང་གི་ཡོད”ཅེས་བརྗོད།
     བག་ཆགས་ཟབ་མོ་ཞིག་ནི། 2007ལོར་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གཅིག་བསྐྱབས་པ་དེ་རེད། ཕྱག་རྡོར་གྱིས་རྐང་པར་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་དེ་ཁྱིམ་དུ་ཉར་ནས་ཉིན་28‘བདག་སྐྱོང’བྱས་པ་སྟེ། “ངས་ཁོ་ལ་ལུག་ཤ་དང་། ཚགས་ཤ རྩམ་པ། ཨ་ཤོམ་སོགས་སྟེར་བ་མ་ཟད། ད་དུང་རྨ་རས་དཀྲིས་ནས་སྨན་ཁབ་ཀྱང་བརྒྱབ་པ་ཡིན། དེར་བརྟེན་རིམ་གྱིས་ལངས་ནས་འགྲོ་ཐུབ་པས། ངས་རང་བྱུང་ཁམས་སུ་གློད་པ་ཡིན”ཞེས་བཤད།
     ལོ་མང་རིང་དུས་བྱར་སྲུང་སྐྱོང་བྱས་སྟབས། ཁོང་ལ་2009ལོར་ཀྲུང་གོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱི“རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་དགའ”རག་པ་རེད།
     ཉེ་བའི་ལོ་ཤས་རིང་། གནམ་གཤིས་ལེགས་སུ་ཕྱིན་པ་དང་དོ་དམ་ནན་དུ་ཕྱིན་པས། མཚོ་ཉིན་གྱི་ཆུ་ཁོངས་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ལམ་རྒྱུད་དུ་རྡོ་གསེག་སྔོག་འདོན་བྱ་མི་ཆོག་པར་བཟོས་པས། སྲུང་སྐྱོང་ཁུལ་དུ་གཏེར་འཚོལ་དབང་ཆ་དང་གཏེར་འདོན་དབང་ཆ་ཡང་རིམ་གྱིས་མེད་པར་གྱུར། ལྷག་པར་དུ་2014ལོར་འདམ་རའི་ཁ་གསབ་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟ་བྱེད་འགོ་ཚུགས་རྗེས། རིམ་བཞིན་རྩྭ་ཁ་བཀག་པས་ནོར་ལུག་གིས་འདམ་རར་བབས་པའི་འདབ་ཆགས་དཀྲོག་མཁན་མེད་པ་དང་། དེས་མ་ཟད་སྔོན་ཆད་ཚབས་ཆེ་བའི་རྔོན་རྒྱག་པ་ཡང་ཐོན་གྱི་མེད་པ་རེད།
     མཚོ་ཉིན་ངོགས་ནས་དུས་བྱའི་ལས་དབང་གི་འགྱུར་ལྡོག་ལ་དཔང་པོ་ཐུབ་པའི་རྒད་པོ་འདིས“འདབ་ཆགས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ངའི་མི་ཚེ་འདིའི་བྱ་བ་གལ་ཆེ་ཤོས་དེ་རེད”ཅེས་བཤད།