འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་25ཉིན།

༄༅།།དཔལ་འབྱོར་ཐད་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་25ཉིན། 17:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
​        མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་དཔལ་འབྱོར་བརྟན་དུ་གཏོང་བའི་བྱ་ཐབས་རབ་དང་རིམ་པར་སྔར་བས་བཀོད་སྒྲིག་བྱས་པའི་ནང་། ཕྱོགས་6ཐད་ཀྱི་བྱ་ཐབས་ཁག་33ཚུད་ཡོད་ཅིང་། དཔལ་འབྱོར་རྒྱུན་གཏན་གྱི་འཁོར་ལམ་ཐོག་ཕྱིར་ལོག་ཡོང་བ་དང་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།
     མིག་སྔར་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་བསྟུད་མར་ཆེ་རུ་འགྲོ་བཞིན་ཡོད་པས། ཁྲོམ་རའི་བྱེད་པོ་མང་པོ་ཞིག་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། དེར་བརྟེན། ཚོགས་འདུའི་ཐོག་བསྟན་དོན། འཕེལ་རྒྱས་གཏོང་རྒྱུ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། “འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་དེ་གོང་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་བྱ་ཐབས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད། ད་རེས་ཀྱི་ཚོགས་འདུའི་ཐོག་བྱ་ཐབས་རབ་དང་རིམ་པ་སྔར་བས་བཀོད་སྒྲིག་བྱས་པའི་ཐོག་ནས་སྲིད་ཇུས་ཀྱི་ཤུགས་ཚད་མངོན་ཐུབ་ཡོད་པ་དང་། དཔལ་འབྱོར་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད”ཅེས་ཀོང་ཏུང་གི་དཔལ་འབྱོར་རིག་པ་མཁས་ཅན་ལུའོ་ཀྲི་ཧེང་གིས་དེ་ལྟར་བཤད།
     ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། ཕྱོགས་6ཐད་ཀྱི་བྱ་ཐབས་ཁག་33ལག་བསྟར་བྱ་རྒྱུ་ཡིན་ཞིང་གཙོ་བོ་ནི།
     གཅིག ནོར་སྲིད་དང་འབྲེལ་ཡོད་སྲིད་ཇུས། 
     ལས་རིགས་སྔར་ལས་མང་བར་བསགས་འབོར་དང་འཕར་གྲངས་ལྟར་ཁྲལ་སློག་ལག་བསྟར་བྱས་ཏེ་ཁྲལ་སློག་གྲངས་སྒོར་དུང་ཕྱུར་1400ལྷག་འཕར་སྣོན་བཏང་བ་དང་། ལོ་ཧྲིལ་པོར་ཁྲལ་འཕྲི་སློག་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.64ཟིན་ཡོད། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་། དམིགས་བསལ་དཀའ་ངལ་ཡོད་པའི་ལས་རིགས་5ཡིས་རྒན་གསོ་གྲོན་དངུལ་དལ་འཇལ་བྱ་རྒྱུ་སོགས་སྤྱི་ཚོགས་འགན་སྲུང་གྲོན་དངུལ་གྱི་སྲིད་ཇུས་ཁག་གསུམ་ལོ་མཇུག་བར་དུས་འགྱངས་བྱ་རྒྱུ་མ་ཟད། བྱེད་སྟངས་དེ་དམིགས་བསལ་དཀའ་ངལ་ཡོད་པའི་ལས་རིགས་གཞན་དག་དུ་རྒྱ་སྐྱེད་བཏང་ན། ད་ལོ་སྒོར་དུང་ཕྱུར་3200དུས་འགྱངས་ནས་འཇལ་རྒྱུ་ཡིན་པ་དང་། ལས་ཤོར་འགན་བཅོལ་གྱི་ལས་འཇོག་གསོ་སྦྱོང་ཁ་གསབ་དེ་དཀའ་ངལ་ཡོད་པའི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཚང་མར་རྒྱ་སྐྱེད་བཏང་བ་སོགས་ཚོགས་འདུའི་ཐོག་བྱ་ཐབས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་རེད།
     གཉིས། དངུལ་རྩའི་སྲིད་ཇུས།
     ད་ལོར་ཀུན་ཕན་གྱི་དངུལ་བུན་ཆུང་ཕྲན་ལ་རྒྱབ་སྐྱོར་བྱེད་པའི་གྲངས་ཚད་དང་བསྡུར་ཚད་ལྡབ་གཅིག་འཕར་བར་བྱ་རྒྱུ་ཡིན། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་དུད་ཚང་ལ་དངུལ་བུན་གཡར་བ་དང་། ཟོག་འདྲེན་རླངས་འཁོར་ལ་དངུལ་བུན་གཏོང་བ། གནས་སྐབས་རིང་དཀའ་ངལ་འཕྲད་པའི་མི་སྒེར་གྱི་ཁང་པའི་དངུལ་བུན་གཡར་བ་སོགས་ཀྱི་ཐད་དངུལ་ཁང་གིས་ལོ་འདིའི་ནང་མ་དངུལ་དང་སྐྱེད་ཀ་འཇལ་སྤྲོད་དུས་འགྱངས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། རླངས་འཁོར་ཀྲུང་དབྱང་ཁེ་ལས་ཀྱིས་ཚོང་སྤྱོད་ཟོག་འདྲེན་རླངས་འཁོར་གྱི་དངུལ་བུན་སྒོར་དུང་ཕྱུར་900བཏང་བ་དེ་དག་དངུལ་ཁང་དང་། ཁེ་ལས་མཉམ་འགུལ་གྱིས་མ་དངུལ་དང་སྐྱེད་ཀ་འཇལ་རྒྱུ་ལོ་ཕྱེད་དུས་འགྱངས་བྱེད་དགོས། ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཡིག་ལྟར་དངུལ་སྤྲོད་པའི་ཡུན་ཚད་ལོ་གཅིག་ནས་ཟླ་བ་དྲུག་བར་ཐུང་དུ་གཏོང་རྒྱུ། ལས་སྟེགས་ཁེ་ལས་ཀྱིས་ཁྲིམས་མཐུན་ལུགས་མཐུན་ངང་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་ཞུགས་པར་སྐུལ་འདེད་གཏོང་དགོས།
     གསུམ། ཐོན་ལས་ཕྲེང་ཐག་དང་མཁོ་སྤྲོད་ཕྲེང་ཐག་བརྟན་པོ་ཡོང་བར་བྱ་དགོས།
     ལས་འགོ་བསྐྱར་འཛུགས་དང་ཐོན་འབབ་འཕར་བའི་སྲིད་ཇུས་ལེགས་སུ་བཏང་ནས། “མིང་ཐོ་དཀར་པོའི” ཁེ་ལས་ལ་ཞབས་འདེགས་ཞུ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། ཟོག་འདྲེན་ཤར་བགྲོད་ཐུབ་པའི་འགན་སྲུང་བྱས་ནས་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་ནས་ཡོང་བའི་ཤར་བགྲོད་ཚོད་འཛིན་མེད་པར་བཟོ་བ་དང་། ལུགས་དང་མི་མཐུན་པའི་ཚད་བཀག་མཐོ་རིམ་གཏན་འབེབས་དང་གྲོན་དངུལ་བསྡུ་རིགས་ཚང་མ་མེད་པར་བཟོ་དགོས། འགྲུལ་པའི་ཟོག་འདྲེན་ཁ་ལོ་བ་སོགས་ཀྱིས་ས་ཆ་གཞན་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་པར་རིན་མེད་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་གི་ཡོད། དམངས་སྤྱོད་མཁའ་འགྲུལ་གྱི་མཁོ་བསྟུན་དངུལ་བུན་སྒོར་དུང་ཕྱུར་1500འཕར་སྣོན་གཏོང་བ་དང་། མཁའ་འགྲུལ་ལས་རིགས་ཀྱིས་བུན་འཛིན་སྒོར་དུང་ཕྱུར་2000འགྲེམས་པར་རྒྱབ་སྐྱོར་བྱ་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་གོ་རིམ་ལྡན་པའི་སྒོ་ནས་མང་དུ་གཏོང་བ་དང་། ཕྱི་ཕྱོགས་ཁེ་ལས་ཀྱི་མི་སྣ་འགྲོ་འོང་བྱེད་བདེ་བའི་བྱེད་ཐབས་གཏན་འབེབས་བྱ་དགོས།
     བཞི། འཛད་སྤྱོད་དང་ཕན་ལྡན་མ་འཇོག་ལ་སྐུལ་འདེད་གཏོང་དགོས།
     རླངས་འཁོར་ཉོ་སྒྲུབ་ཚོད་འཛིན་བྱེད་ཚད་ལྷོད་དུ་བཏང་སྟེ་དུས་རིམ་རང་བཞིན་ལྡན་པའི་སྒོ་ནས་རླངས་འཁོར་ཁག་ཅིག་གི་ཉོ་སྒྲུབ་དཔྱ་ཁྲལ་སྒོར་དུང་ཕྱུར་600ཆག་ཡང་གཏོང་དགོས། གྲོང་ཁྱེར་གྱི་གནས་ཚུལ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོར་རྒྱབ་སྐྱོར་བྱ་དགོས། ཞིབ་མཆན་འགོད་ལུགས་ལེགས་འགྱུར་བྱས་ནས་ཆུ་བེད་དང་ལྷག་པར་དུ་ཆུ་འདྲེན་དང་། འགྲིམ་འགྲུལ། ཁུལ་ཆུང་རྙིང་པ་བསྒྱུར་བཀོད། ས་འོག་ཕྱོགས་བསྡུས་མདོང་ལམ་སོགས་ཀྱི་རྣམ་གྲངས་ཁག་ཅིག་ལས་འགོ་གསར་དུ་བཙུགས་ཏེ། དངུལ་ཁང་གིས་གཞི་ཁྱོན་ལྡན་པའི་ཡུན་རིང་དངུལ་བུན་གཏོང་རྒྱུར་ཁྲིད་སྟོན་བྱ་དགོས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་ཐེངས་གསར་པ་འགོ་ཚུགས་དགོས། ལྕགས་ལམ་འཛུགས་སྐྲུན་གྱི་བུན་འཛིན་སྒོར་དུང་ཕྱུར་3000འགྲེམས་པར་རྒྱབ་སྐྱོར་བྱ་དགོས། 
     ལྔ། ནུས་ཁུངས་བདེ་འཇགས་ཡོང་བར་འགན་ལེན་བྱ་དགོས།
     ས་གནས་ཀྱི་རྡོ་སོལ་ཐོན་ཚད་ཀྱི་འགན་འཁྲི་དོན་འཁྱོལ་དང་། རྡོ་སོལ་གཏེར་ཁའི་ཉིང་རྡུལ་ཐོན་འཕར་ནུས་རྒྱུའི་སྲིད་ཇུས་ལེགས་སྒྲིག མཁོ་འདོན་འགན་ལེན་གྱི་རྡོ་སོལ་གཏེར་ཁའི་འགྲོ་ལུགས་གང་མགྱོགས་གཉེར་བ་བཅས་བྱེད་དགོས། ཆུ་གློག་སོལ་གློག་སོགས་ནུས་པའི་འབྱུང་ཁུངས་ཀྱི་རྣམ་གྲངས་ཁག་ཅིག་ལས་འགོ་བསྐྱར་དུ་འཛུགས་དགོས།
     དྲུག གཞི་རྩའི་དམངས་འཚོར་འགན་སྲུང་བྱ་དགོས།
     ལས་ཤོར་འགན་སྲུང་དང་། མ་མཐའི་འཚོ་རྟེན་འགན་སྲུང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་ཚུལ་དང་འབྲེལ་མཐུད་བྱེད་པའི་མཉམ་འགུལ་ལམ་སྲོལ་འཛུགས་དགོས།
     སྤྱིའི་ཆ་ནས་བལྟས་ན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་བྱ་ཐབས་རབ་དང་རིམ་པས་མཁོ་སྤྲོད་བརྟན་པོ་དང་། དགོས་མཁོ་རྒྱ་སྐྱེད། སྔོན་དཔག་བརྟན་པོ་བཅས་ཡོང་རྒྱུར་དམིགས་ཡོད། སྲིད་ཇུས་དེ་དག་གིས་སྤྱི་ཁོག་གི་ངོས་ནས་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། བྱེ་བྲག་གི་ངོས་ནས་ཁྲོམ་རའི་བྱེད་པོ་གཙོ་བོ་འགན་ལེན་དང་། ལས་ཞུགས་འགན་ལེན། དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་འགན་ལེན་བཅས་ལ་དེ་བས་ཤུགས་སྣོན་བརྒྱབ་པས། སྲིད་ཇུས་ལག་བསྟར་བྱེད་ཤུགས་ཡོད་པ་མ་ཟད་དམིགས་སའི་རང་བཞིན་ཆེ་བས། རྒྱལ་དམངས་དཔལ་འབྱོར་མགྱོགས་མྱུར་སླར་གསོ་ཡོང་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་ལུའོ་ཀྲི་ཧེང་གིས་བཤད།