འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་24ཉིན།

༄༅།།བྱ་དགའ་མང་ཤོས་ལ་སྒོར་ཁྲི་2000ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་24ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧའེ་ནན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཧའེ་ནན་ཞིང་ཆེན་ནོར་སྲིད་ཐིང་དང་མཉམ་དུ《ཧའེ་ནན་ཞིང་ཆེན་གྱིས་བཟོ་ལས་ཁེ་ལས་ལ་དངུལ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་ལག་རྩལ་བསྒྱུར་བཀོད་སྤུས་འདེགས་ལ་རྒྱབ་སྐྱོར་བྱེད་པའི་བྱ་དགའ་དང་ཁ་གསབ་མ་དངུལ་དོ་དམ་ལག་བསྟར་ཞིབ་སྲོལ》པར་འགྲེམས་བྱས་ནས། བཟོ་ལས་ཁེ་ལས་ཀྱི་དངུལ་འཇོག་རྒྱ་ཆེར་གཏོང་རྒྱུ་དང་། ལག་རྩལ་རིམ་སྤོར་བསྒྱུར་བཀོད་སྤུས་འདེགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པས། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་ལོ་རེར་བྱ་དགའ་མང་ཤོས་སྒོར་ཁྲི་2000ཐོབ་ཐུབ།
   སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་སྣུམ་རླངས་སྔོག་འདོན་རྣམ་གྲངས་ཀྱི་ལོ་འཁོར་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་ཁྲི་2000ཡན་བཏང་བའི་ཁེ་ལས་ལ། དེའི་ལོ་འཁོར་གྱི་གཏན་འཇགས་རྒྱུ་ནོར་ལ་དངུལ་འཇོག་བསྡོམས་འབོར་གྱི་5%གཞིར་བཟུང་ནས་བྱ་དགའ་མང་ཤོས་སྒོར་ཁྲི་2000སྤྲོད་རྒྱུ་རེད། རྣམ་གྲངས་ཀྱི་ལོ་འཁོར་ནང་དངུལ་འཇོག་བེད་སྤྱད་པའི་དངུལ་ཁང་གི་དངུལ་བུན་དངོས་སུ་ལེགས་སྒྲུབ་བྱས་པ་དང་། དངུལ་བུན་ཁྲོམ་རའི་རིན་གོང་ཁྱབ་བསྒྲགས་ཀྱི་སྐྱེད་ཚད་(LPR)ལྟར་སྐྱེད་ཀ་50%སྤྲོད་རྒྱུ་དང་། མང་ཤོས་ལ་སྒོར་ཁྲི་2000ཁ་གསབ་སྤྲོད་རྒྱུ་རེད། ཁེ་ལས་རེར་ལོ་རེར་བྱ་དགའ་དང་ཁ་གསབ་ཁྱོན་བསྡོམས་སྒོར་ཁྲི་2000ལས་མི་བརྒལ་བ། རྣམ་གྲངས་ཀྱི་ལོ་འཁོར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་10ལྷག་བཏང་བའི་ནང་ཁེ་ལས་རེར་ལོ་རེར་བྱ་དགའ་དང་ཁ་གསབ་ཁྱོན་བསྡོམས་སྒོར་ཁྲི་3000ལས་བརྒལ་གྱི་མེད།
   རིག་ནུས་ཅན་གྱི་རིམ་སྤོར་དང་། ཚོགས་སྤྱི་ཅན་གྱི་འཕེལ་རྒྱས། ཞབས་ཞུ་ཅན་གྱི་རྒྱ་བསྐྱེད། ལྗང་མདོག་ཅན་གྱི་ཕྱོགས་སྒྱུར། བདེ་འཇགས་ཅན་གྱི་དོ་དམ་ཚོད་འཛིན་སོགས་ཀྱི་རྒྱབ་སྐྱོར་ཁ་ཕྱོགས་དང་འཚམ་པ་དང་། ལག་རྩལ་རིམ་སྤོར་དང་བསྒྱུར་བཀོད་ཐད་མ་དངུལ་སྒོར་ཁྲི་1000ཡན་བཏང་བའི་ཁེ་ལས་ལ་སྒྲིག་ཆས་དངུལ་འཇོག་བྱེད་ཚད་ཀྱི་10%ལྟར་ཁ་གསབ་མང་ཤོས་སྒོར་ཁྲི་1000སྤྲོད་རྒྱུ་རེད། ཁེ་ལས་ཀྱིས་བོགས་ཚོང་ལ་བརྟེན་ནས་སྒྲིག་ཆས་ནང་འདྲེན་བྱས་ཏེ་ལག་རྩལ་བསྒྱུར་བཀོད་བྱེད་པར་ལོ་གཅིག་གི་བོགས་ཚོང་གྲོན་དངུལ་50%ལྟར་ལག་རྩལ་བསྒྱུར་བཀོད་ཁ་གསབ་མང་ཤོས་སྒོར་ཁྲི་1000སྤྲོད་རྒྱུ་རེད།
    བཟོ་ལས་ཀྱི་རྨང་བརྟན་ལས་གྲྭ་སོགས་རྒྱལ་ཁབ་ཀྱི་རྩེར་སོན་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་འཆར་འགོད་ནང་བདམས་པ་མ་ཟད་གྲུབ་འབྲས་གཞན་སྒྱུར་གྱི་དངོས་ཚན་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པར་རྣམ་གྲངས་ཀྱི་གཏན་འཇགས་རྒྱུ་ནོར་དངུལ་འཇོག་བྱེད་ཚད་ཀྱི་30%གཞིར་བཟུང་ནས་བྱ་དགའ་མང་ཤོས་སྒོར་ཁྲི་500སྤྲོད་རྒྱུ་རེད།
   རྒྱལ་ཁབ་ཀྱི་བཟོ་ལས་དྲ་སྦྲེལ་ཚོད་ལྟའི་དཔེ་སྟོན་ཐོབ་པ་དང་། རྒྱལ་ཁབ་ཀྱི་རིག་ནུས་བཟོ་སྐྲུན་དང་། ཞབས་ཞུ་རྣམ་པའི་བཟོ་སྐྲུན། ལྗང་མདོག་བཟོ་གྲྭ་སོགས་ཚོད་ལྟའི་དཔེ་སྟོན་ཁེ་ལས་ལ་བྱ་དགའ་སྒོར་ཁྲི་200སྤྲོད་རྒྱུ་དང་། ཞིང་ཆེན་བཟོ་ལས་དྲ་སྦྲེལ་བཀོལ་སྤྱོད་ཀྱི་ཕུལ་བྱུང་དཔེ་མཚོན་ལ་བདམས་པའི་ཁེ་ལས་ལ་བྱ་དགའ་སྒོར་ཁྲི་100སྤྲོད་རྒྱུ་རེད།
   རེ་ཞུའི་ཁེ་ལས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཞིག་ནི་རྣམ་གྲངས་དེ་ཧའེ་ནན་ཞིང་ཆེན་ནང་ཁོངས་སུ་ལག་བསྟར་བྱ་རྒྱུ་དང་། ཧའེ་ནན་ཞིང་ཆེན་གྱི་བསྡོམས་རྩིས་ནང་འཇུག་དགོས། ཁེ་ལས་ཀྱིས་བྱ་དགའ་དང་ཁ་གསབ་རེ་ཞུ་བྱེད་པའི་ལོ་འཁོར་ནང་རིགས་ཁག་གཞན་གྱི་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་མ་ཐོབ་པ་མ་ཟད། ཀྲུང་དབྱང་དང་། ཞིང་ཆེན། གྲོང་ཁྱེར་དང་རྫོང་བཅས་ཀྱི་རིམ་རྩིས་བྱ་དགའ་དང་ཁ་གསབ་མ་དངུལ་རྣམ་གྲངས་ཀྱི་དངུལ་འཇོག་ལས་མི་བརྒལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་དེ་ལས་དོན་འགྲུབ་རྗེས་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་སྟངས་ཐོག་ནས་2023ལོ་ནས་བཟུང་ལོ་ལྟར་ལོ་འཁོར་གོང་མའི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་རེད། ལོ་ལྟར་ཟླ་3པའི་ཟླ་མཇུག་གོང་ཧའེ་ནན་ཞིང་ཆེན་བཟོ་འཕྲིན་ཐིང་གིས་གྲོང་ཁྱེར་དང་རྫོང་ཁག་ལ་རེ་ཞུ་འབུལ་བའི་བརྡ་ཐོ་བཏང་ནས་ཧའེ་ནན་ཞིང་ཆེན་བཟོ་འཕྲིན་ཐིང་གི་དྲ་ཚིགས་དང“ཧའེ་ནན་ཞིང་ཆེན་གྱི་ཁེ་ལས་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ལག་བསྟར་ཞབས་ཞུའི་མ་ལག”ཐོག་ཡོངས་བསྒྲགས་བྱ་རྒྱུ་རེད།