འཚོལ་བཤེར།   
藏文频道
2022ལོའི་ཟླ་5ཚེས་23ཉིན།

༄༅།།ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་100གཏོང་རྒྱུ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་23ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཞིང་ལས་དངོས་རྫས་ཁྲོམ་རའི་རིན་གོང་གི་འཕེལ་ཚུལ་དང་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་100གཤམ་དུ་བཏང་ནས། འབྲུ་རིགས་དངོས་སུ་འདེབས་མཁན་ཞིང་པར་སླར་ཡང་ཐེངས་གཅིག་རང་བཞིན་གྱི་ཞིང་ལས་དངོས་རྫས་ཀྱི་ཁ་གསབ་རོགས་དངུལ་སྤྲད་དེ། དབྱར་བསྡུའི་ལས་ཀ་དང་སྟོན་ཁའི་འདེབས་འཛུགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ནས་ཞིང་ལས་དངོས་རྫས་ཀྱི་རིན་གོང་འཕར་བའི་རྐྱེན་གྱིས་འབྲུ་རིགས་འདེབས་འཛུགས་ཀྱི་འགྲོ་གྲོན་འཕར་བའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་བ་དང་། ཞིང་པའི་འབྲུ་འདེབས་ཧུར་སེམས་སྔར་བས་སྐུལ་སློང་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་ནས་ཁ་གསབ་བྱ་ཡུལ་ནི་རང་ཡོད་འགན་གཙང་བླངས་པའི་ས་ཞིང་ལ་འབྲུ་རིགས་འདེབས་པའི་ཞིང་པ་དང་། འཁོར་རྒྱུག་ས་ཞིང་ལ་འབྲུ་རིགས་འདེབས་པའི་དུད་ཆེན་དང་། ཁྱིམ་ཚང་གི་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཀྱི་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ། དེ་བཞིན་འབྲུ་རིགས་ཀྱི་རྨོ་འདེབས་བསྡུའི་བརྒྱུད་རིམ་ཧྲིལ་པོར་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་འདེགས་ཞུ་མཁན་མི་སྒེར་དང་རྩ་འཛུགས་བཅས་ཚུད་པའི་ཞིང་ལས་དངོས་རྫས་ཀྱི་རིན་གོང་འཕར་བའི་མ་གནས་གཏོང་འགན་དངོས་སུ་འཁུར་བའི་འབྲུ་འདེབས་ཞིང་པ་རྣམས་ཡིན་པར་ཁ་གསལ་བཟོས་ནས། ཁ་གསབ་མ་དངུལ་དག་འབྲུ་རིགས་དངོས་སུ་འདེབས་མཁན་ཐོན་སྐྱེད་པའི་ལག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱས་ནས་ཁ་གསབ་སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་མཐོ་རུ་གཏོང་རྒྱུ་རེད། ཁ་གསབ་ཀྱི་ཚད་གཞི་དེ་ས་ཁུལ་ཁག་གིས་འབྲེལ་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡུས་གཏན་འཁེལ་བྱེད་དགོས་པ་དང་། རྩ་དོན་ཐོག་རྫོང་ཁོངས་ནང་གི་ཁ་གསབ་ཚད་གཞི་གཅིག་གྱུར་བྱེད་དགོས།
   ནོར་སྲིད་པུའུ་ཡིས་ས་གནས་ཁག་གིས་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བྱ་ཐབས་གང་ལེགས་སྤྱད་དེ་ད་ཡོད་འབྲེལ་ཡོད་ཁ་གསབ་གཏོང་སྤྲོད་ཀྱི་རྨང་གཞིའི་གྲངས་གཞིར་བརྟེན་ནས“གཱ་གཅིག་ཀུན་རྒྱུག(བཅོལ་འཛིན)”སོགས་མུ་མཐུད་སྤྱད་དེ། དུས་ཐོག་ཏུ་ཁ་གསབ་རོགས་དངུལ་འདང་ངེས་གནད་དུ་འཁེལ་བར་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།