འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་29ཉིན།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་29ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ■ ལས་གནས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པའི་གཏན་འབེབས་གནང་བ་དང་སྦྲགས། འགྲིམ་འགྲུལ་ཟོག་འགྲེམས་ཤར་བགྲོད་འགན་ལེན་གྱི་ལས་དོན་སྙན་སེང་གསན་ནས་འགག་གནས་སྔར་བས་བཤངས་ཏེ་ཤར་བགྲོད་འཁོར་རྒྱུག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ལས་གནས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པའི་གཏན་འབེབས་གནང་བ་དང་། འགྲིམ་འགྲུལ་ཟོག་འགྲེམས་ཤར་བགྲོད་འགན་ལེན་གྱི་ལས་དོན་སྙན་སེང་གསན་ནས་འགག་གནས་སྔར་བས་བཤངས་ཏེ་ཤར་བགྲོད་འཁོར་རྒྱུག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ལས་ཞུགས་བརྟན་པོ་ཡོང་བ་ནི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས་པ་སྟེ། གཅིག་ནས་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པའི་ཆ་རྐྱེན་འོག ལས་འགོ་བསྐྱར་ཚུགས་བྱས་ནས་ཐོན་འབབ་ལོན་པར་སྐུལ་འདེད་གཏོང་དགོས་པ་དང་། ལྷག་པར་དུ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་གཙོ་གནད་ཁེ་ལས་དང་། འགྲིམ་འགྲུལ་ཟོག་འགྲེམས་ཁེ་ལས། རིམས་འགོག་མཁོ་ཆས་འགན་ལེན་ཁེ་ལས། འགག་རྩའི་རྨང་གཞིའི་སྒྲིག་བཀོད་བཅས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། དཀའ་ངལ་ཆེ་ཙམ་ཡོད་པའི་ཁེ་ལས་ལ“གཅིག་གཏད་གཅིག”གི་རོགས་སྐྱོར་བྱེད་དགོས། གཉིས་ནས་ཁྲོམ་རའི་བྱེད་པོའི་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཤིང་། རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་གྲོན་དངུལ་དུས་མཚམས་རང་བཞིན་གྱིས་འགྱངས་འཇལ་བྱེད་པའི་སྲིད་ཇུས་དེ་དམིགས་བསལ་དཀའ་ངལ་ཡོད་པའི་ཁེ་ལས་5ནས་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཚོང་གཉེར་ལ་དཀའ་གནད་འཕྲད་པའི་ཁེ་ལས་འབྲིང་ཆུང་དང་། དེ་བཞིན་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ཡོངས་བར་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་།
     ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོ་ཡོང་བའི་ཁ་གསབ་སློག་པའི་བསྡུར་གྲངས་མཐོ་ཤོས་90%བར་མཐོ་རུ་གཏོང་བ། ས་གནས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་གློག་རིན་ལ་དུས་མཚམས་རང་བཞིན་གྱི་གཟིགས་སྐྱོང་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་དྲ་ཆེན་དང་ཆེད་སྐུད་འགྲོ་གྲོན་ལ་མུ་མཐུད་གཟིགས་སྐྱོང་བྱས་ཏེ་དྲ་ཐོག་ནས་ལས་ཞུགས་ལས་གཏོད་དང་ཁྱིམ་སྡོད་གཞུང་དོན་སྒྲུབ་པའི་མ་གནས་དམའ་རུ་གཏོང་བ། ཁེ་ལས་ཀྱིས་ལས་བཟོ་དང་གྲོས་བསྡུར་བྱས་ཏེ་བབ་བསྟུན་གྱི་ལས་སྒྲུབ་ལམ་ལུགས་ལག་བསྟར་བྱས་ནས་ལས་གནས་བརྟན་པོ་ཡོང་བ་བྱེད་པ། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་དེ་བས་མང་བ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བཅས་བྱེད་དགོས། གསུམ་ནས་ལས་ཞུགས་ལས་གནས་མང་དུ་གཏོང་དགོས་ཤིང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་རང་རྟེན་ལས་གཏོད་ལ་རྒྱབ་སྐྱོར་བྱས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་སོགས་གཞོན་ནུ“ཁྲི་སྟོང་མང་པོའི་ལས་ཞུགས་ལྟ་སྦྱོང”ལ་སྐུལ་འདེད་བཏང་ནས་ལྟ་སྦྱོང་སློབ་མ་བསྡུས་པའི་ཚན་པར་ཁ་གསབ་སྤྲོད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། འགྲིམ་འགྲུལ་ཟོག་འགྲེམས་ནི་ཁྲོམ་རའི་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་རེད་ལ། དམངས་འཚོ་འགན་ལེན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད། ཉེ་དུས་ས་ཁུལ་ཁ་ཤས་ཀྱི་ཟོག་འགྲེམས་ལ་འགོག་རྐྱེན་འཕྲད་པའི་གནས་ཚུལ་ལ་དམིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཀའི་ལམ་སྲོལ་བཟོས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ཟོག་འགྲེམས་ཤར་བགྲོད། མཁོ་སྤྲོད་འགན་ལེན་བཅས་ལ་སྤྱི་འདོམས་བྱས་ཏེ་སྡེ་ཚན་ཕན་ཚུན་མཐུན་སྦྱོར་དང་ས་ཁོངས་སྒྲོལ་བའི་མཉམ་སྒུལ་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱི་རྒྱལ་ནང་གི་ཟོག་འགྲེམས་ཤར་བགྲོད་བྱེད་དགོས་པ་སྟེ། གཅིག་ནས་འགྲིམ་འགྲུལ་གྱི་དྲ་རྒྱ་གཙོ་བོ་འཁོར་སྐྱོད་གང་ལེགས་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་དང་ཞབས་ཞུའི་ཁུལ་གྱིས་རླངས་འཁོར་གཏོང་དགོས་རིགས་གཏོང་གང་ཐུབ་བྱེད་པ་དང་། གནམ་ཐང་དང་གྲུ་ཁའི་དོས་སྒམ་ཁ་འགྲེམས་དང་སྐྱེལ་འདྲེན་ཤར་བགྲོད་བྱེད་པ། ལས་སྟེགས་དང་མྱུར་སྐྱེལ་སོགས་ཁེ་ལས་ཀྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། གཉིས་ནས་ཟོག་འགྲེམས་ཀྱི་འཁོར་རྒྱུག་ཕྲ་མོ་ཤར་བགྲོད་བྱེད་དགོས་ཤིང་། རིམས་ནད་ཀྱིས་རྐྱེན་པས་སྒོ་རྒྱག་དགོས་བྱུང་བའི་མྱུར་སྐྱེལ་སོགས་ཀྱི་ལས་གཉེར་ཁང་གོ་རིམ་ལྡན་པའི་ངང་སླར་གསོ་གཉེར་སྐྱོང་དང་མྱུར་སྐྱེལ་བ་ལས་གནས་སུ་ལོག་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་གཞུང་ལམ་ཤར་བགྲོད་འགན་ལེན་དང་ཞིང་སྤྱོད་རྒྱུ་ཆ་དང་ཞིང་ལས་ཐོན་རྫས་སྐྱེལ་འདྲེན་འགན་ལེན་བྱེད་དགོས། གསུམ་ནས་གཙོ་གནད་ཁྱབ་ཁོངས་དང་། ལས་རིགས། ཁེ་ལས་བཅས་ཀྱི་ཟོག་འགྲེམས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འཕྲལ་སྡོམ་དངོས་ཟོག་བར་བརྗེས་ས་ཚིགས་ཀྱི་དངོས་ཟོག་འདང་ངེས་ཡོད་པ་དང་ཡག་པོ་སྤྱད་དེ་འབྲེལ་ཐུག་མེད་པར་ཕར་སྐྱེལ་ཚུར་ལེན་བྱས་ཏེ་དམངས་འཚོའི་མཁོ་ཆས་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་གཙོ་གནད་ཁེ་ལས་ཀྱི་དངོས་ཟོག ཕྱིར་གཏོང་ནང་འདྲེན་ཐོན་རྫས་སོགས་ཀྱི་སྐྱེལ་འདྲེན་འགན་ལེན་བྱེད་དགོས། བཞི་ནས་ཟོག་འདྲེན་གཉེར་སྐྱོང་བར་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཟླ་5ཚེས་1ཉིན་ནས་འདི་ལོའི་ལོ་མཇུག་བར་ཆ་རྐྱེན་འཛོམས་པའི་མྱུར་སྐྱེལ་བསྐུར་མ་ལེན་སྐྱེལ་ཞབས་ཞུའི་ཡོང་འབབ་ལ་རིན་ཐང་འཕར་ཁྲལ་མི་བསྡུ་བ་དང་། སྒོར་དུང་ཕྱུར་1000ཟིན་པའི་བསྐྱར་གཡར་དངུལ་བུན་གང་མགྱོགས་བཏོན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཟོག་འགྲེམས་མཛོད་འཇུག་ལས་རིགས་ཀྱི་མ་རྩ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པ། རླངས་འཁོར་ཉོས་པའི་དངུལ་བུན་འགྱངས་འཇལ་ལ་ལུགས་མཐུན་ངང་རྒྱབ་སྐྱོར་བཅས་བྱེད་དགོས། ལྔ་ནས་རླངས་འཁོར་ཤར་བགྲོད་ལག་ཁྱེར་སྤྲོད་དགོས་རིགས་སྤྲོད་གང་ཐུབ་དང་། མྱུར་བཤེར་མྱུར་སྒྲུབ། རྒྱལ་ཡོངས་སུ་གོ་ཆོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་བརྒྱུད་རིམ་ནང་ཉིང་སྐྱུར་བརྟག་དཔྱད་དང་ནད་འགོག་གཞི་རྐྱེན་བརྟག་དཔྱད་ལ་རིན་པ་སྤྲོད་མི་དགོས་པ་ཁྱབ་གདལ་གཏོང་དགོས།