འཚོལ་བཤེར།   
藏文频道
2022ལོའི་ཟླ་4ཚེས་24ཉིན།

༄༅།།བོད་ལྗོངས་ནས་མཐོང་བ་དཀོན་པའི་བྲག་བརྐོས་རི་མོ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 04ཚེས་24ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ནས་མཐོང་བ་དཀོན་པའི་བྲག་བརྐོས་རི་མོ་ཞིག་རྙེད་འདུག
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་བྲག་བརྐོས་སྒྱུ་རྩལ་བཤམས་མཛོད་ཁང་གིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་རིན་སྤུངས་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ལྷན་དུ་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་མཁའ་རོག་གྲོང་ཚོའི་རི་ཁུག་ཅིག་ཏུ་བསྐྱོད་དེ་བྲག་བརྐོས་རིག་དངོས་བཙལ་འཚོལ་ཐད་ཀྱི་བརྟག་ཞིབ་བྱས་ཡོད་པ་རེད།
   ཤེས་རྟོགས་བྱས་པར་བརྒྱུད། བརྟག་ཞིབ་ཚོགས་ཆུང་གིས་མཁའ་རོག་གྲོང་ཚོ་དང་བར་ཐག་སྤྱི་ལེ་5ཙམ་ཡོད་པའི་སྣར་ཕུ་ཡུལ་གྱི་བྲག་ངོས་ནས་ཤྭ་བ་བཞི་དང་དྲ་མིག་བཅུ་དྲུག་ཅན་གྱི་མིག་མངས་ཀྱི་རི་མོ་ལས་གྲུབ་པའི་བྲག་བརྐོས་རི་མོ་སྐོར་ཞིག་རྙེད་ཅིང་། བྲག་བརྐོས་རི་མོ་དེ་དག་ཪྙེད་ས་ནི་སྣར་ཕུའི་ཤྭ་བ་འཕྲང་ནས་ཡིན་པས། དེར་ཤྭ་བ་འཕྲང་བྲག་བརྐོས་ཞེས་འབོད།
   བྲག་བརྐོས་རི་མོ་འབྲི་སའི་བྲག་ངོས་ནི་ཁོད་སྙོམས་པོ་དེ་ཙམ་མེད་པའི་སྐས་དབྱིབས་ཅན་ཞིག་ཡིན་ཞིང་། ཤར་ནུབ་ཀྱི་རིང་ཚད་རིང་ཤོས་ལ་ལི་སྨི་190དང་། ལྷོ་བྱང་གི་ཞེང་ཚད་ཆེ་ཤོས་ལ་ལི་སྨི་171ཡོད་པ་མ་ཟད། རི་མོ་དེའི་དཀྱིལ་དུ་བརྐོས་ཡོད། རི་མོའི་གྲུབ་ཆ་གཙོ་བོ་དེ་བྲག་ངོས་དེའི་ནུབ་བྱང་ངོས་སུ་གཅིག་བསྡུས་གནས་པ་དང་། དེའི་རི་མོ་བརྐོ་ཐབས་གཙོ་བོ་ནི་སྔོན་ལ་སོར་ཆས་ཀྱིས་རི་མོའི་སྤྱི་ཁོག་རགས་བརྐོས་བརྒྱབ་པ་དང་། དེ་རྗེས་ཞིབ་ཕྲའི་ནང་བརྐོས་རྒྱག་རྩལ་སྤྱད་ཡོད། 
   “ཤྭ་བ་འཕྲང་བྲག་བརྐོས”བརྐོ་སྟངས་དེ་ནི་ཞིབ་ཚགས་པོ་མིན་པ་དང་།གནའ་བོའི་ཉམས་འགྱུར་ལྡན་པ། རང་བྱུང་ཁམས་དང་མཐུན་པ་བཅས་ཀྱི་ཁྱད་ཆོས་དེ་འདྲ་ལྡན་པའི་བྲག་རྡོ་དེ་རིགས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་མཐོང་དཀོན་པ་དང་། གཞིས་རྩེ་གྲོང་ཁྱེར་ནས་བྲག་བརྐོས་རི་མོ་སྔོག་འདོན་དང་ཞིབ་འཇུག་བྱེད་ཁྲོད་ཀྱི་ཤེས་རྟོགས་གལ་ཆེན་ཞིག་ཡིན་པས། དེར་ལོ་རྒྱུས་ཀྱི་དོན་སྙིང་དང་གནའ་རྫས་རྟོག་ཞིབ་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།