འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་3ཉིན།

༄༅།།འཛམ་གླིང་གིས་ཀྲུང་གོའི་ཚོགས་འདུ་གཉིས་ལ་རེ་སྒུག་ཆེན་པོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་03ཉིན། 17:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
     2022ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད། ཏོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་ངང་ཐོན་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་གཏན་འཁེལ་མེད་པའི་རང་བཞིན་མང་པོ་ཡོད་པ། རྒྱལ་སྤྱིའི་དུས་བབ་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བ་བཅས་ཀྱི་གལ་ཆེའི་དུས་སྐབས་སུ་འཛམ་གླིང་གིས་ཀྲུང་གོའི་ཚོགས་འདུ་གཉིས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
     ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱེད་པའི་རྒྱལ་སྐྱོང་གི་འདུ་ཤེས་དང་སྲིད་འཛིན་ཐབས་ཇུས་ལ་འཛམ་གླིང་ཐོག་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཚོགས་འདུ་གཉིས་ཀྱི་སྐར་ཁུང་གལ་ཆེན་བརྒྱུད་ཀྲུང་གོའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་བཅོས་སྐྱོང་གི་ལམ་བུ་སྔར་བས་ཤེས་རྟོགས་བྱས་ཏེ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་དཔྱད་གཞིར་འཛིན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བར་རམ་འདེགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
     འཛམ་གླིང་གི་དོ་ཁུར་བྱ་ཡུལ་དང་པོ། བརྒྱུད་རིམ་ཧྲིལ་པོ་མི་དམངས་དམངས་གཙོ་ཡིན་པ།
     དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་འདུ་ཤེས་གལ་ཆེན་ཞིག་ཡིན།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་ཡོད། ཚོགས་འདུ་གཉིས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
     ཨ་རིའི་པཱ་ཏེ་སློབ་གླིང་གི་མཐོ་རིམ་ཞིབ་འཇུག་པ་ཕེང་རུན་ཉན་གྱིས། དམངས་གཙོས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་དགོས། ཀྲུང་གོའི་ཚོགས་འདུ་གཉིས་ནི་དཔེ་མཚོན་འདི་འདྲ་ཞིག་རེད་ཅེས་བརྗོད།
     འཛམ་གླིང་གི་དོ་ཁུར་བྱ་ཡུལ་གཉིས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་རྒྱལ་སྤྱིའི་མཉམ་ལས་ཡིན།
     2021ལོ་ནས་བཟུང་ཏེར་ཐཱ་དང་ཨའོ་སྨི་ཁེ་རུང་སོགས་རྒྱུན་ཆད་མེད་པར་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པའི་ངོ་འགྱུར་དུག་སྲིན་གོ་ལ་ཧྲིལ་པོར་ཁྱབ་པ་དང་། རྒྱལ་ཁབ་མང་པོར་ཏོག་གསར་རིམས་ནད་ཡང་ནས་ཡང་དུ་ཐོན་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནོན་ཤུགས་ཆེན་པོའི་མདུན་དུ་ཀྲུང་གོས“མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། འདི་ལོའི་ཚོགས་འདུ་གཉིས་རིང་ཀྲུང་གོས“རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི”སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་ཀྱི་མཛུབ་ཁྲིད་འོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ཆ་འཕྲིན་གསར་པ་གང་དག་བརྒྱུད་སྤྲོད་བྱེད་མིན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
     “གཏན་འཁེལ་བྱེད་ཐུབ་པ་ཞིག་ནི་ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད”རི་པིན་གྱི་དཔལ་འབྱོར་མཁས་དབང་ཧོ་ཀྲུང་ཆིང་གིས། ཀྲུང་གོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རིམས་འགོག་བྱ་ཐབས་ནན་པོ་སྤྱད་པས་གཞི་ནས་རིམས་ནད་མ་མཆེད་སྔོན་འགོག་གང་མགྱོགས་ཐུབ་ཡོད། འདི་ཀྲུང་གོ་རང་ཉིད་དང་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     འཛམ་གླིང་གི་དོ་ཁུར་བྱ་ཡུལ་གསུམ་པ། དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་དབྱེ་ཡིན།
     མིག་སྔའི་མིའི་རིགས་འཕེལ་རྒྱས་ཀྱི་ཞིབ་འཇུག་བྱ་གཞི་གསར་པ་དང་འགྲན་སློང་གསར་པར་དམིགས་ཏེ་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཉམས་ཉེན་ཁྲོད་གོ་སྐབས་བསྐྲུན་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་བཞིན་ཡོད། 2020ལོར་དང་ཐོག་དཔལ་འབྱོར་སླར་གསོ་ཐུབ་ནས་དངོས་འཕར་བྱུང་རྗེས་ཀྲུང་གོའི་དཔལ་འབྱོར་2021ལོའི་འཕར་ཚད་8.1%ཟིན་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་25%ཙམ་ཟིན་ཡོད། ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི“བློས་འགེལ་ཆོག་པའི་སྣེ་ཁྲིད་པའི”གྲས་ཤིག་ཏུ་གྱུར་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད།
     “ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ཨུ་རུ་སུ་ཚུད་པའི་རྒྱལ་ཁབ་མང་པོའི་ཚོང་ཟོག་ཀྲུང་གོའི་ཁྲོམ་རར་ཞུགས་པའི་གོ་སྐབས་བསྐྲུན་ཡོད” ཨུ་རུ་སུའི་མོ་སི་ཁོ་རྒྱལ་བཙུགས་སློབ་ཆེན་གྱི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་ཡོན་ཀྲང་ཨ་ལེ་ཁེ་ཤེ·མཱ་སི་ལོ་ཧྥུའུ་ཡིས། འདི་ལོའི་ཚོགས་འདུ་གཉིས་ཀྱི་དཔལ་འབྱོར་གྲོས་གཞིར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་ཀྲུང་གོས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་བཞིན་ཡོད་པས་རྒྱལ་སྤྱིའི་རོགས་ཟླ་དེ་བས་མང་བ་ཞིག་གི་ཡིད་དབང་འགུག་རྒྱུ་རེད་ཅེས་བརྗོད་པ་རེད།
     འཛམ་གླིང་གི་དོ་ཁུར་བྱ་ཡུལ་བཞི་པ། ལྗང་མདོག་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡིན།
     སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་ཐཱན་ཉུང་གཏོང་གཙོ་གནད་དུ་བྱེད་པའི་འཐབ་ཇུས་ཀྱི་ཁ་ཕྱོགས་དང་། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གཉིས་ལ་མཉམ་དུ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་གྲངས་ཚད་ནས་ངོ་བོ་བར་འགྱུར་ལྡོག་འགྲོ་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོས་ཇི་ལྟར་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་འགྲོ་ལམ་ཐོག་མུ་མཐུད་བསྐྱོད་རྒྱུ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་བརྗོད་གཞི་ཞིག་ཀྱང་རེད།
     ཕ་ཁི་སི་ཐན་གྱི་ཨེ་ཤེ་ཡའི་སྐྱེ་ཁམས་ཤེས་དཔལ་དང་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ལག་བསྟར་དཔོན་ལཱ་མའེ་ཡིས། ཀྲུང་གོས་ལྗང་མདོག་ཕྱོགས་སྒྱུར་གྱི་གོམ་སྟབས་བརྟན་པོ་ཞིག་སྤོ་བཞིན་ཡོད་པ་དང་འདི་ལོའི་ཚོགས་འདུ་གཉིས་ཐོག་བཟོས་པའི་འབྲེལ་ཡོད་སྲིད་ཇུས་ཀྱིས་འཛམ་གླིང་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།