འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་1ཉིན།

༄༅།།དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་01ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
   2021ལོའི་ཟླ་2ཚེས་25ཉིན། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད”ཅེས་གཟི་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་དང“དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་ཞིག་ཡིན”ཞེས་གཏིང་ཟབ་ངང་བསྟན་གནང་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུར་ལྕག་སྐུལ་དང་ལྕག་འདེབས་གནང་བ་རེད།
    ལོ་གཅིག་གི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཞི་རིམ་ས་གནས་སུ་རྟོག་ཞིབ་གནང་བར་ཕེབས་རིམ་བཞིན་དུ་སེམས་ཁུར་གནང་བའི་གནད་དོན་གལ་ཆེན་ཞིག་ནི་ཡུལ་མི་རྣམས་དབུལ་སྒྲོལ་བྱུང་རྗེས་ཀྱི་འཚོ་བ་གང་འདྲ་ཡོད་མེད་དེ་རེད། ཀོང་ཤིས་སུ“དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་དང་། མཚོ་སྔོན་དུ“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ཐོན་རྫས་ཚད་ལྡན་ཅན་དང་ལྗང་མདོག་ཅན་གྱི་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ལྡན་གྱི་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། ཧྲན་ཤིས་སུ“དེང་རབས་ཅན་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་འཚོ་བ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ་དང་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་རེ་བས་ཁེངས་པ་བྱེད་དགོས”ཞེས་གསུངས་པ་རེད།
    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེས་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ་དང་ཐུན་མོང་ཕྱུག་འགྱུར་གྱི་འགྲོ་ལམ་ཐོག་གོམ་ཆེན་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། འོན་ཀྱང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱེད་པར་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡིན་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་གནས་པ་དང་ཆེས་རྒྱ་ཆེ་ཤོས་དང་ཆེས་གཏིང་ཟབ་ཤོས་ཀྱི་རྨང་གཞི་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། རྒྱལ་ཁབ་ཀྱི་རྩ་བ་ནི་མི་དམངས་ཡིན། རྩ་བ་བརྟན་ན་རྒྱལ་ཁབ་བདེ་ལ་འཁོད། ག་དུས་ཡིན་རུང་ཞིང་ལས་ལ་སྣང་ཆུང་དང་། ཞིང་པར་སྣང་མེད། གྲོང་གསེབ་ལ་སྣང་ཆུང་བཅས་བྱེད་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་གསུངས་པ་ལྟར“ང་ཚོས་ལོ་རྒྱུས་ཆེ་མོའི་ལྟ་བར་བརྟེན་ནས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས།‘ཞིང་གསུམ’གྱི་གནད་དོན་ལ་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་རང་རེའི་ཏང་དང་། རྒྱལ་ཁབ། མི་རིགས་བཅས་ལ་གོ་བ་དེ་བས་ཡག་པོ་ལེན་ཐུབ” དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྗེས“ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐོག་བསྒྱུར་མོད། འོན་ཀྱང་དབུལ་སྒྲོལ་གྱི་རྨང་གཞི་དེ་ཙམ་བརྟན་པོ་མེད། དབུལ་སྒྲོལ་ས་ཁུལ་གྱི་དབུལ་པོ་བསྐྱར་ལོག་གཏན་འགོག་གི་ལས་འགན་ལ་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ལས་ཀའི་ཐད་སྟོང་ཆ་མི་ལུས་པ་དང་སྲིད་ཇུས་ཐད་སྟོང་ཆ་མི་འཇོག་པར་དབུལ་སྒྲོལ་གྱི་རྨང་གཞི་དེ་བས་བརྟན་དུ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཆོག་པ་བྱས་ཚེ་གཞི་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་ལོ་རྒྱུས་དང་མི་དམངས་ཀྱི་ཚོད་འགམ་ཐེག་ཐུབ་པའི་འགན་ལེན་བྱེད་ཐུབ།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་པས་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་དབུལ་སྒྲོལ་ས་ཁུལ་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཚེ་གཞི་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དོན་ཆེན་དེ་ཡག་པོ་སྒྲུབ་ཐུབ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དབུལ་ལོག་གཏན་འགོག་ལ་སྟབས་བསྟུན་གྱིས་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་གཞི་ཁྱོན་ཅན་གྱི་དབུལ་ལོག་གི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རླབས་ཆེན་གྲུབ་འབྲས་སྲུང་སྐྱོང་དང་སྲ་བརྟན་དུ་ཏན་ཏིག་གཏོང་དགོས། དབུལ་སྒྲོལ་ས་ཁུལ་གྱིས་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་སྲ་བརྟན་དང་རིམ་སྤོར་བྱེད་པ། རོགས་སྐྱོར་ཐོན་ལས་ལ་ལག་རྩལ་དང་། སྒྲིག་བཀོད། ཚོང་གཉེར་སོགས་ཀྱི་ཞན་ཆ་སེལ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ། སྣེ་འདྲེན་གྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་མི་འབོར་ལ་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་གཏོང་བའི་ཧེ་བག་མུ་མཐུད་ཆུང་དུ་གཏོང་བ། ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དུ་འཇུག་པ། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྗེས་ལུས་མི་ཐེབས་པ་དང་རྗེས་ཟིན་ཐུབ་པ་བཅས་བྱེད་དགོས།
    2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་དང་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་ལ་ཁས་བླངས་པ་ཞིག་ཡིན་ལ་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན། ཚང་མ་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱེད་པར་ང་ཚོས་མིག་མདུན་གྱི་གྲུབ་འབྲས་ལ་བློ་ཡིད་ཚིམ་ནས་སྡོད་མི་རུང་བར་ད་དུང་འབད་འཐབ་བྱ་རྒྱུ་མང་པོ་ཡོད”ཅེས་ནན་བཤད་གནང་བ་རེད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་གཞི་གདན་བརྟན་དུ་གཏོང་བ་དང“ཞིང་གསུམ”གྱི་རྨང་གཞི་བརྟན་པོ་བསྲུངས་ཏེ“གྲུ་རྡོའི”ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། ཞིང་ལས་ཐོན་འབབ་བརྟན་འཕར་དང་། ཞིང་པའི་ཡོང་འབབ་བརྟན་འཕར། གྲོང་གསེབ་བརྟན་ལྷིང་ཞོད་འཇགས་བཅས་ཡོང་བའི་འགན་ལེན་བྱས་ཚེ། ང་ཚོས་ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་འཚབ་འཚུབ་མེད་པར་ཁ་གཏད་གཅོག་ཐུབ་ངེས་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་འདང་ངེས་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་ཆོག་པ་བཅས་ཀྱང་བྱེད་ཐུབ་ངེས་རེད།