འཚོལ་བཤེར།   
藏文频道
2022ལོའི་ཟླ་2ཚེས་28ཉིན།

༄༅།།རྒྱལ་མོ་རྔུལ་ཆུའི་ལུང་ཤུར་དུ་སྲོག་ཆགས་འདི་དག་ཡོད་པ་ཤེས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་28ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རྒྱལ་མོ་རྔུལ་ཆུའི་ལུང་ཤུར་དུ་སྲོག་ཆགས་འདི་དག་ཡོད་པ་ཤེས།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། འདས་ཟིན་པའི་ལོ་གསུམ་ནང་སྒྲིག་གཞི་དེས་སྟེང་ཆེན་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་དང་མཉམ་ལས་བྱས་ནས་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་མི་སྣས་སྟེང་ཆེན་རྫོང་གི་མངའ་ཁོངས་སུ་སྤྱི་ལེ་5དང་སྤྱི་ལེ་X5ཡི་དྲ་མིག་གཞིར་བཟུང་། དྲ་མིག་རེ་རེའི་ནང་དམར་ཕྱིའི་པར་ཆས་1ནས་2ཙམ་ཏེ་ཁྱོན་དམར་ཕྱིའི་པར་ཆས་50བཙུགས་པ་དང་དམར་ཕྱིའི་པར་ཆས་ཀྱི་ལས་ཀའི་ཉིན་གྲངས་རིམ་རྩིས་བྱས་ན་ཉིན་ཁྲི་6ལས་བརྒལ་ཡོད་པ་རེད། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པ་ལྟར་ན། སྟེང་ཆེན་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་གྱི་ས་ཁོངས་སུ་གསའ་དང་། དེད་མོང་། གཡི། སྤྱང་ཀི གཟིག་སོགས་ཤ་གཟན་སྲོག་ཆགས་ཆེ་གྲས་6ཡོད་པ་དེ་དག་ལས་བདེ་ཐང་གི་སྣོད་བཅུད་མ་ལག་ཅིག་མངོན་ཡོད་པ་རེད།
     ཤ་གཟན་སྲོག་ཆགས་ཆེ་གྲས་ལ་རྟག་པར་རྨིག་པ་ཅན་གྱི་རིགས་དང་། དེ་བཞིན་བདེ་ཐང་གི་རྩྭ་ཐང་ནས་ཟས་རིགས་མཁོ་འདོན་བྱེད་དགོས་ཀྱི་ཡོད་པས། རྟག་ཏུ་ས་ཁོངས་ཤིག་གི་སྣོད་བཅུད་མ་ལག་བདེ་ཐང་ཡིན་མིན་གྱི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་ཅེས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་སྲུང་སྐྱོང་ཀྲུའུ་རེན་ཀྲའོ་ཞང་གིས་དེ་ལྟར་ངོ་སྤྲོད་བྱས།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ནང་ད་དུང་ས་ཆ་མང་པོ་ཞིག་ཏུ་གསའ་དང་གཟིག་སོགས་ཤ་གཟན་སྲོག་ཆགས་མང་པོ་ས་ཁོངས་གཅིག་ཏུ་ཁྱབ་པའི་གཟུགས་བརྙན་ཟིན་ཐོར་བཀོད་པ་དེས་གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག་ཤ་གཟན་སྲོག་ཆགས་རིགས་མཉམ་གནས་ཀྱི་འབྲེལ་བར་ཞིབ་འཇུག་བྱ་རྒྱུར་གྲངས་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།
     སྟེང་ཆེན་རྫོང་ནི་བོད་ལྗོངས་ཤར་རྒྱུད་ཀྱི་གྲོག་རོང་ཁུལ་ཞིག་ཡིན་པའི་ཆ་ནས། བོད་བྱང་ཐང་ནས་འཕྲེད་རྒྱུག་རི་རྒྱུད་དུ་བར་བརྒལ་བྱེད་པའི་ས་བབ་ཀྱིས་དམིགས་བསལ་གྱི་གྲོག་རོང་དང་། གངས་རི། རྩྭ་ཐང་། དེ་བཞིན་འཁྱགས་རོམ་སོགས་རང་བྱུང་མཛེས་ལྗོངས་གྲུབ་ཡོད། སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་ཀྱིས་ཀྱང་སྟེང་ཆེན་ལ་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་ཡོད་པ་དང་སྣོད་བཅུད་གནས་བབ་དང་སྲུང་སྐྱོང་རིན་ཐང་གལ་ཆེན་ལྡན་ཡོད།
     ཤ་གཟན་སྲོག་ཆགས་ཆེ་གྲས་དང་སྒོ་ཕྱུགས་བར་གྱི་གདོང་གཏུག་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་འོག་རྣམ་གྲངས་དེས་ད་དུང་སྟེང་ཆེན་རྫོང་སྤུ་ཐང་གྲོང་ཚོར་སྡེ་ཁུལ་གྱི་མི་ཕྱུགས་གདོང་ཐུག་ཁ་གསབ་ཐེབས་རྩ་ཞིག་བཙུགས་ནས་འབྲོག་པར་རི་སྐྱེས་སྲོག་ཆགས་ཀྱིས་སྒོ་ཕྱུགས་བཟས་ནས་བྱུང་བའི་གྱོང་གུན་ལ་སྔར་བས་ཁ་གསབ་བྱས་ཏེ་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འགལ་ཟླ་ཆུང་དུ་གཏོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་རེ་བ་བཅོལ་ཡོད་པ་རེད། 
【1】  【2】  【3】
༄༅།།རྒྱལ་མོ་རྔུལ་ཆུའི་ལུང་ཤུར་དུ་སྲོག་ཆགས་འདི་དག་ཡོད་པ་ཤེས།
༄༅།།རྒྱལ་མོ་རྔུལ་ཆུའི་ལུང་ཤུར་དུ་སྲོག་ཆགས་འདི་དག་ཡོད་པ་ཤེས།