འཚོལ་བཤེར།   
藏文频道
2022ལོའི་ཟླ་2ཚེས་11ཉིན།

༄༅།།པོ་ཏ་ལའི་དཔེ་རྙིང་བམ་པོ་སུམ་སྟོང་ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱས་ཟིན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་11ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པོ་ཏ་ལའི་དཔེ་རྙིང་བམ་པོ་སུམ་སྟོང་ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱས་ཟིན།
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ལོ་མཇུག་ནས་བཟུང་། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཚུན། དཔེ་རྙིང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་2021ལོའི་ལོ་མཇུག་བར། དཔེ་རྙིང་བམ་པོ་3000ལྷག་ཙམ་དང་རྩ་ཆེའི་དཔེ་རྙིང་ཤོག་ལྷེ་ཁྲི་བརྒྱ་ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་འདུག 
   ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བཞེངས་པ་དང་། ད་ཡོད་བོད་ལྗོངས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་ཕོ་བྲང་ཞིག་ཡིན་པའི་ཆ་ནས། དེའི་དམིགས་བསལ་གྱི་བཟོ་བཀོད་དང་གྲངས་འབོར་མང་བའི་རིག་དངོས་ཀྱིས་“བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་སྒྱུ་རྩལ་གྱི་གཏེར་མཛོད་”ཅེས་པའི་མཚན་སྙན་གསོལ་ཡོད། 
   ཕོ་བྲང་པོ་ཏ་ལའི་དཔེ་རྙིང་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3བཏང་བ་དང་། རྣམ་གྲངས་དེའི་ལས་ཀའི་དུས་ཡུན་ལོ་10ཡིན་པ་རེད།
   བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲངས་གཞི་ལས་མངོན་པར། 2021ལོའི་ལོ་མཇུག་བར། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་6800ལྷག་ཙམ་དོན་འཁྱོལ་བྱུང་བ་དང་། དཔེ་རྙིང་དང་ཚད་ལྡན་ཡིག་ཆ་བམ་པོ་3078དང་པོད་444421ཤོག་ལྷེ་1074474ཡི་ཡིག་ཚགས་བཟོས་ནས་ཐོ་འགོད་བྱས་ཡོད།  ཏ་ལའི་ལོ་མའི་དཔེ་ཆ་བམ་པོ་465ཡི་ཤོག་ལྷེ་29378ལེགས་སྒྲིག་བྱས་ནས་ཡིག་ཚགས་བཟོ་བ་དང་དཀར་ཆག་སྒྲིག་པའི་ལས་དོན་ལེགས་གྲུབ་བྱས་པ། དཔེ་རྙིང་དང་ཚད་ལྡན་ཡིག་ཆ་བམ་པོ་136ཤོག་ལྷེ་85944གྲངས་གཞི་ཅན་ལ་བསྒྱུར་བའི་ལས་དོན་ལེགས་གྲུབ་བྱས་པ། བོད་ཤོག་བམ་པོ་23གི་ཤོག་ལྷེ་3017ཉམས་གསོའི་ལས་དོན་ལེགས་གྲུབ་བཅས་བྱས་ཡོད།
    ཕོ་བྲང་པོ་ཏ་ལར་ཉར་བའི་དཔེ་རྙིང་གི་གྲངས་འབོར་མང་ཞིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་ཕོ་བྲང་པོ་ཏ་ལར་རྒྱ་ཡིག་དང་། བོད་ཡིག མན་ཇུའི་ཡི་གེ  སོག་པོའི་ཡི་གེ་སོགས་ཀྱི་ཐོག་ནས་བྲིས་པའི་དཔེ་རྙིང་རྩ་ཆེན་མང་པོ་ཡོད་ཅིང་། པོད་ཁྲི་ཕྲག་ཟིན་ཡོད། དེའི་ནང་ཏ་ལའི་ལོ་མའི་དཔེ་རྙིང་རྩ་ཆེན་བམ་པོ་460ལྷག་ཙམ་གྱི་ཤོག་ལྷེ་སུམ་ཁྲི་ལ་ཉེ་བ་ཚུད་ཡོད། དེ་དག་ནི་ཆོས་ལུགས་དང་། བཟོ་སྐྲུན། སྒྱུ་རྩལ། གསོ་རིག  ལོ་རྒྱུས། སྐད་ཡིག རྩོམ་རིག མཚན་ཉིད་རིག་པ་སོགས་ཁྱབ་ཁོངས་ཀྱི་དཔེ་ཆ་ཡིན་པ་རེད།
༄༅།།པོ་ཏ་ལའི་དཔེ་རྙིང་བམ་པོ་སུམ་སྟོང་ལྷག་ཙམ་ཡོངས་བཤེར་ཐོ་འགོད་བྱས་ཟིན།