འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་28ཉིན།

༄༅།།རྒྱལ་སྲུང་པུའུ་ཡིས་གྲ་སྒྲིག་གང་ལེགས་ཡོད་པ་བརྗོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་དམག་དཔོན་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
   གསར་འགོད་པ། གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་མཚོ་དམག་གིས་རྫིག་ཉམས་ངང་འཐབ་ཇུས་ཉིང་རྡུལ་ཆུར་འཛུལ་དམག་གྲུ་ཀོན་ཏའོ་རུ་འཇོག་རྒྱུ་དང་། གནམ་གྲུ་འབབ་འཕར་གྲུ་གཟིངས་མང་པོ་ཀྲུང་གོའི་མཐའ་འཁོར་དུ་འཛོམས་ནས་ནང་སྦྱོང་བྱ་རྒྱུ་ཁྱབ་བསྒྲགས་བྱས། འཕེལ་ཕྱོགས་ལ་བལྟས་ན། ཨ་རིས་མནའ་གྲོགས་དང་མཉམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྔ་རྗེས་སམ། ཡང་ན་ཀྲུང་གོའི་མཐའ་འཁོར་དུ་མུ་མཐུད་དམག་དོན་ནང་སྦྱོང་གི་བྱེད་སྒོ་སྤེལ་བཟོ་ཡོད་པ་མཚོན་ཡོད། གཞན་ཡང་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་མཚོ་དམག་གི་མཐོ་རིམ་དཔོན་རིགས་ཀྱིས་ཉེ་ཆར་ན་ནིང་གི་ཟླ་4པར་ཨ་རིའི་མཐར་སྐྲོད་དམག་གྲུ“མ་སི་ཐིང་”རྟགས་ཅན་གྱིས་ཀྲུང་གོའི་གནམ་གྲུ་འབབ་འཕར་གྲུ་གཟིངས་ལེའོ་ཉིང་དམག་གྲུའི་ཉེ་འགྲམ་དུ་མྱུལ་ཞིབ་བྱས་པ་དེ“རྐང་བཙུགས་ནས་དམག་འཐབ་བྱེད་པའི་བྱ་སྤྱོད”ཅིག་ཡིན་པ་ཁས་བླངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།
   ཝུའུ་ཆན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལུས་རྩལ་གྱི་དོན་ཆེན་ཞིག་རེད། གྲོགས་པོ་ཕེབས་ན་ཆང་ཡག་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མགྲོན་བདག་རྒྱལ་ཁབ་ཡག་པོ་བྱས་ཏེ་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས་སྟབས་བདེ་དང་། བདེ་འཇགས། ངོ་མཚར་བཅས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་གཉེར་རྒྱུ་ཡིན། འོན་ཀྱང་ངེས་པར་དུ་སྟོན་དགོས་པ་ཞིག་ལ། ཀྲུང་གོའི་དམག་དཔུང་གིས་ཕྱི་རྒྱལ་གྱི་དམག་མིས་འཁྲུག་རྐྱེན་སློང་བ་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་གྲ་སྒྲིག་གང་ལེགས་བྱས་ཡོད།
   ཨ་རི་ཕྱོགས་ཀྱིས“མ་སི་ཐིང་”རྟགས་ཅན་གྱིས་རྐང་བཙུགས་ནས་མྱུལ་ཞིབ་བྱས་པར་ཁས་ལེན་པའི་ཐད། ཀྲུང་གོས་འདི་བསམ་ཡུལ་ལས་འདས་པ་ཞིག་རེད་བསམ་མེད། དེ་ག་རང་རེད། ན་ནིང་གི་ཟླ་4པར་ཀྲུང་གོའི་དམག་དཔུང་གིས་ད་ལྟ་ཐག་གཅོད་བྱས་པའི་རྨང་གཞིའི་ཐོག  དེར་དགག་པ་དྲག་པོ་བརྒྱབ་པ་དང་འབྲེལ་གཏུག་ནན་པོ་བྱས་པ་རེད། འོན་ཀྱང་། མི་རྣམས་ཧང་སངས་དགོས་པ་ཞིག་ནི་ཨ་རི་ཕྱོགས་ཀྱིས་དམག་དོན་གྱི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་དེ་རིགས་ལ་ངོ་ཚ་བའི་ངོས་འཛིན་བྱ་རྒྱུ་ཕར་ཞོག  དེ་ལས་ལྡོག་སྟེ་གཟི་བརྗིད་དུ་བརྩི་བཞིན་ཡོད། བཙན་དབང་གི་སྣ་འཛོམས་ནད་དང་ཤེས་རྟོགས་ལ་བཀག་འགོག་ཐེབས་པའི་ནད་དེ་དངོས་གནས་བཅོས་དགོས་པའི་དུས་སུ་སླེབས་འདུག