འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་27ཉིན།

༄༅༎ཚན་རྩལ་མཉམ་ལས་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་27ཉིན། 17:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། 《ཀྲུང་གོ་ཚན་རིག་ཁང་དང་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཚན་རྩལ་མཉམ་ལས་ཀྱིས་ས་ཁོངས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་འགོད》(གཤམ་དུ“འཆར་འགོད”ཅེས་བསྡུ་རྒྱུ)ཉེ་ཆར་དངོས་སུ་བཀྲམ་པ་རེད།
     འཆར་འགོད་ནང་བོད་འཕེལ་རྒྱས་ཀྱི་ཚན་རྩལ་དགོས་མཁོར་དམ་པོར་དམིགས་ནས“འཆར་འགོད”ནང“རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་ཆེ་གྲས་5དང་། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་ཆེན་པོ་10 འཕེལ་རྒྱས་ཀྱི་འདུ་འགོད་ཆེ་མོ་7”བཅས་ཀྱི་ཚན་རིག་ཁང་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་མཉམ་ལས་ཀྱི་གཙོ་གནད་ལས་འགན་བཏོན་ཡོད། འཆར་འགོད་ནང་རྒྱལ་ཁབ་ཀྱི་བོད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་གཞི་ཚུགས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚན་རྩལ་དགོས་མཁོ་གལ་ཆེན་ལ་དམིགས་པ། ཀྲུང་གོ་ཚན་རིག་ཁང་གི་ཚན་རྩལ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་མཁོ་སྤྲོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་པ་གསར་གཏོད་བཅས་བྱས་ནས་བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་ལ་ལྗང་མདོག་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་བཏོན་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་གོ་ཚན་རིག་ཁང་དང་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་དེ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་ཁྱོན་ཡོངས་ནས་འགོ་ཚུགས་པར་བོད་ཀྱི་ཚན་ཞིབ་མི་སྣ་260ཟབ་ཞུགས་བྱས་པ་དང་། ཀྲུང་གོ་ཚན་རིག་ཁང་ཚན་རྩལ་ཞབས་ཞུའི་དྲ་རྒྱའི་འཆར་གཞིའི་རྣམ་གྲངས་13བོད་དུ་བཀོད་སྒྲིག་བྱས་པ་དང་ཀྲུང་གོ་ཚན་རིག་ཁང་ནས་གྲོན་དངུལ་སྒོར་ཁྲི་5100བཏང་བའི་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན“ཞིབ་ཚད་མཐོ་བའི་ས་ངོས་ཀྱི་དུས་སྟོན་མ་ལག”དུས་སྟོན་ལྟ་ཞིབ་ཚད་ལེན་ས་ཚིགས་དང་དུས་སྟོན་སྟེགས་བུ་ལྷ་ས་དང་ནག་ཆུ་སོ་སོར་བསྐྲུན་ནས་རྒྱལ་ཁབ་ཀྱི་དུས་སྟོན་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པ། “ནུབ་རྒྱུད་ཀྱི་འོད་སྣང”ཤེས་ལྡན་མི་སྣའི་འཆར་གཞིའི་རྣམ་གྲངས་Aརིགས་ཀྱིས་བོད་ཀྱི་ཤེས་ལྡན་མི་སྣའི་ཚོགས་པ་7ལ་རྒྱབ་སྐྱོར་བྱས་ནས་ཁྱོན་ཚན་རྩལ་གྱི་འགོ་འཛིན་གཞོན་པ་དང་། བོད་སྐྱོར་ལས་བྱེད་པ། འབུམ་རམས་པའི་ཞབས་ཞུའི་ཚོགས་པ་བཅས་ཁག་ཐེངས་4དང་མི་ཐེངས་19བཏང་བ། ཀྲུང་གོ་ཚན་རིག་ཁང་ཁོངས་གཏོགས་ཀྱི་ཞིབ་འཇུག་སུའོ་ཡིས་བོད་དུ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱས་ནས་ཁེ་ལས་ལ་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་8.89ཙམ་མང་དུ་བཏང་བ་བཅས་རེད།
     ཉེ་ཆར། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་ཡན་ལག་ཁང་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཚན་རྩལ་མཉམ་ལས་ཀྱི་ཞིབ་ཕྲའི་དོན་ཚན་ལ་སྔར་བས་གྲོས་བསྡུར་བྱས་ནས་ལོ་འཁོར་གྱི་ཚན་རྩལ་མཉམ་ལས་ལས་དོན་གྱི་འཆར་གཞི་བཟོ་རྒྱུ་རེད།