འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།དབུ་བཞུགས་བློན་ཆེན་ཚང་གི་སྒྲིག་འགལ་འདུ་འཛོམས་ལ་བརྟག་དཔྱད་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་ཚེས་25ཉིན་དབྱིན་ཇིའི་ལོན་ཏོན་ཉེན་རྟོག་ཕྱོགས་ཀྱིས་འདས་ཟིན་པའི་ལོ་གཉིས་ནང་དབུ་བཞུགས་བློན་ཆེན་ཚང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ནས་འདུ་འཛོམས་སྣ་ཚོགས་བྱས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
   ལོན་ཏོན་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཏི་ཁེ་ཡིས་ཉིན་དེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག“སྤྱི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ”དང་། དུས་མཚུངས་ནང་བློན་ཁང་གི་བརྟག་དཔྱད་ཚོགས་ཆུང་གིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་དམིགས་ཏེ། ལོན་ཏོན་ཉེན་རྟོག་ཕྱོགས་ཀྱིས་འདས་ཟིན་པའི་ལོ་གཉིས་ནང་དབུ་བཞུགས་བློན་ཆེན་ཚང་དང་སྲིད་གཞུངགི་གཞུང་དོན་ཁང་དུ“ཏོག་གསར་རིམས་ནད་ཐད་ཀྱི་གཏན་འབེབས་ལས་འགལ་བའི་བྱེད་སྒོ་རབ་དང་རིམ་པ་ཐོན་མྱོང་བའི་ཐད་”བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད། 
   ཉེ་ཆར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་གྱིས་2020ལོའི་ཟླ་5པར“གྲོང་ཁྱེར་བཀག་”རིང་སྒྲིག་འགལ་ངང་དབུ་བཞུགས་བློན་ཆེན་ཚང་གིས་མེ་ཏོག་ལྡུམ་རར་གཉེར་བའི་འདུ་འཛོམས་ལ་ཞུགས་མྱོང་ཡོད་ཚུལ་ངོས་ལེན་ཞུས་རྗེས། དབྱིན་ཇིའི་སྨྱན་སྦྱོར་ཚན་པས་དབུ་བཞུགས་བློན་ཆེན་ཚང་གིས་2020ལོའི་ཟླ་6པར་གཡོད་ཧན་ཤུན་ལ་སྐྱེས་སྐར་གྱི་འདུ་འཛོམས་གཉེར་ནས། གཡོད་ཧན་ཤུན་ཚུད་པའི་མི་30ཙམ་དེར་ཞུགས་པ་མ་ཟད། བག་ལེབ་ཀྱང་མཉམ་རོལ་བྱས་ཚུལ་ཡོངས་སུ་བསྒྲགས་པ་རེད། 
   དབུ་བཞུགས་བློན་ཆེན་ཚང་གི་ལས་དོན་མི་སྣ་དང་སྲིད་གཞུང་གི་དཔོན་རིགས་ཁག་གཅིག་གིས་དབྱིན་ཇིའི་སྨྱན་སྦྱོར་ཚན་པར། སྐབས་དེ་དུས་གཡོད་ཧན་ཤུན་གྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་ཆེད་ཁོ་ཚོས“དུས་ཐུང་མཉམ་འཛོམས”བྱས་མྱོང་ཡོད་མོད། འོན་ཀྱང་མི་གྲངས་30ཟིན་མེད་ལ། གཡོད་ཧན་ཤུན་དེར་སྡོད་པའི་དུས་ཡུན་ནི་“སྐར་མ་10ཡང་ཟིན་མེད”ཅེས་བཤད་པ་རེད། ཟླ་འདིའི་ཚེས་12ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མར་གཡོད་ཧན་ཤུན་གྱིས་འདྲི་རྩད་དང་ལེན་བྱེད་སྐབས་རང་ཉིད་2020ལོའི་ཟླ་5པར་གཉེར་བའི་དབུ་བཞུགས་བློན་ཆེན་ཚང་གི་མེ་ཏོག་ལྡུམ་རའི་ཨ་རག་འདུ་ཚོགས་ནང་ཞུགས་མྱོང་བར་ཁས་བླངས་པ་དང་འབྲེལ་དགོངས་དག་ཀྱང་ཞུས་པ་རེད། ཁོང་གིས་དོན་དེའི་ཐད་འགན་འཁུར་རྒྱུ་ཡིན་མོད། འོན་ཀྱང་དོན་དེར་དམིགས་པའི་ཆེད་དོན་བརྟག་དཔྱད་མཇུག་འགྲིལ་རྗེས་དོན་དེ་གཞི་ནས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།