འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་རྒྱུགས་སྤྲོད་ཐད་ཀྱི་ངེས་བྱ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་རྒྱུགས་གཞི་ལྟེ་གནས་ཀྱི་བཀོད་སྒྲིག་གཞིར་བཟུང་། 2022ལོའི་ལོ་སྟོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་གཞི(ཡིག་རྒྱུགས)དེ་ཟླ་1ཚེས་24ཉིན་དངོས་སུ་མིང་ཐོ་འགོད་འགོ་བརྩམས་པ་རེད། ད་ཐེངས་ཀྱི་རྒྱུགས་གཞི་དེ་ཞིང་ཆེན30(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)རུ་སྤེལ་བཞིན་ཡོད།(མིག་སྔར་བོད་ལྗོངས་སུ་ལོ་སྨད་ཁོ་ནར་སྤེལ་རྒྱུ་རེད)རྒྱུགས་སྤྲོད་སློབ་མས་ངེས་པར་དུ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དེ་གའི་མིང་ཐོ་འགོད་པའི་སྤྱི་བསྒྲགས་ཀྱི་བླང་བྱ་ལྟར། གཏན་འབེབས་བྱས་པའི་དུས་ཚོད་ནང་དྲ་ཐོག་ནས་ཐོ་འགོད་དང་། ཐོབ་ཐང་ཞིབ་བཤེར། སྒོར་སྤྲོད་པ་སོགས་ཀྱི་དོན་དག་བསྒྲུབ་དགོས།
     རྒྱུགས་གཞི་དྲ་ཐོག་ནས་མིང་ཐོ་འགོད་པ་ལག་ལེན་བསྟར་རྒྱུ་དང་ཟླ་3ཚེས་12ཉིན་རྒྱུགས་སྤྲོད་རྒྱུ་ཡིན། 
     དོ་སྣང་བྱེད་དགོས་པ་ཞིག་ལ། ཐེངས་འདིའི་རྒྱུགས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་དེ་སྤྱིར་ཟླ་1ཚེས་14ཉིན་ལ་གཏན་འཁེལ་བྱས་མོད། ཞིང་ཆེན་ཁག་གཅིག་ལ་གློ་བུར་དུ་ཏོག་གསར་གློ་ཚད་རིམས་ནད་བྱུང་པར་དམིགས་ཏེ་ཟླ་1ཚེས་24ཉིན་བར་སྣུར་བ་རེད། མིག་སྔར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་མིང་ཐོ་འགོད་པའི་སྤྱི་བསྒྲགས་སྔ་རྗེས་སུ་དྲ་ཐོག་ཏུ་བཀོད་ཡོད་པ་རེད། ས་གནས་ཁག་གི་སྤྱི་བསྒྲགས་ལ་གཞིགས་ན། ད་ཐེངས་ཀྱི་རྒྱུགས་གཞི(ཡིག་རྒྱུགས)ཟླ་3ཚེས་12ཉིན་སྤྲོད་རྒྱུ་ཡིན།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་ཐད་དྲ་ཐོག་ནས་མིང་ཐོ་འགོད་པ་ལག་བསྟར་བྱ་རྒྱུ། རྒྱུགས་སྤྲོད་སློབ་མས་མིང་ཐོ་འགོད་རིང་སློབ་གསོ་པུའི་རྒྱུགས་གཞི་ལྟེ་གནས་ཀྱི་དྲ་ཚིགས་སུ་ཞུགས་ཆོག་པ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ཀྱི་རྣམ་གྲངས་ཀྱི་གཙོ་ངོས་སུ་སླེབས་ནས་ལེ་ཚན་གྱི་ཁྲིད་སྟོན་ལྟར་དྲ་ཐོག་ཏུ་མིང་ཐོ་འགོད་ཆོག་གི་ཡོད། ཞིང་ཆེན་རིམ་པའི་སློབ་གསོ་རྒྱུགས་གཞི་སྒྲིག་གཞིས་རྒྱུགས་སྤྲོད་སློབ་མས་དྲ་ཐོག་ནས་མིང་ཐོ་འགོད་པ་དང་སྒོར་སྤྲོད་པ། རྒྱུགས་སྤྲོད་སློབ་མའི་ཆ་འཕྲིན་ལ་ཞིབ་བཤེར་དང་གཏན་འཁེལ་བྱ་རྒྱུའི་འགན་འཁུར་དགོས། རྒྱུགས་སྤྲོད་སློབ་མས་ཐོ་འགོད་བྱས་པའི་འབྲེལ་ཡོད་ཆ་འཕྲིན་དག་ཞིབ་བཤེར་གཏན་འབེབས་མ་བྱས་གོང་རང་གིས་བཟོ་བཅོས་བྱས་ཆོག
     རྒྱུགས་སྤྲོད་སློབ་མས་ངེས་པར་དུ་མིང་ཐོ་འགོད་པའི་སྔོན་ལ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དེ་གའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན(ཡིག་རྒྱུགས)གྱི་མིང་ཐོ་འགོད་པའི་སྤྱི་བསྒྲགས་ཁྲོད་ཀྱི་ནང་དོན་དང་གཏན་འབེབས་ཁག་ཞིབ་ཏུ་ཀློག་དགོས་པ་མ་ཟད། ཐོ་འགོད་ལ་མཁོ་བའི་ཆ་རྐྱེན་ཁག་ལ་རྒྱུས་ལོན་གང་ལེགས་བྱ་དགོས། དེ་དང་ཆབས་ཅིག་མིང་ཐོ་འགོད་པའི་མ་ལག་ནང་ཐོག་མར་རྒྱུགས་སྤྲོད་སློབ་མས་ཁ་དན་ཚིག་གནས་ཀྱི་སྒོ་ནས་རྒྱུགས་སྤྲོད་རྒྱུ་ཁས་ལེན་བྱེད་དགོས་པས་བླང་བྱ་བཏོན་ཡོད། དེ་འདྲ་མ་བྱས་ན་མིང་ཐོ་འགོད་མི་ཆོག རྒྱུགས་སྤྲོད་སློབ་མ་རང་ཉིད་ཀྱིས་ངེས་པར་དུ་ཐེམ་ཐོ་གནས་ཡུལ་དང་། གནས་སྡོད་ལག་ཁྱེར་ལེན་རྒྱུའི་རེ་ཞུ་བྱ་ཡུལ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཡིན་མིན། དགེ་འོས་ཆེད་ལས་ཡིན་མིན་སོགས་ཀྱི་ཆ་འཕྲིན་ཇི་མ་ཇི་བཞིན་འབྲི་དགོས་པ་མ་ཟད། ཚད་གཞིའི་བླང་བྱ་ལྟར་འཛིན་ཡིག་འདྲ་པར་ཡར་སྤྲོད་དགོས། 
     2022ལོའི་མཐོ་སློབ་ཀྱི་དགེ་འོས་མཐར་ཕྱིན་སློབ་མ་རྒྱུགས་སྤྲོད་མི་དགོས་པའི་གཏན་འཁེལ་སྒྱུར་བཅོས་ནང་ཞུགས་ཆོག
     ཉེ་ཆར། སློབ་གསོ་པུས《དགེ་འོས་སློབ་མས་རྒྱུགས་སྤྲོད་མི་དགོས་པར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཐོབ་ཐང་གཏན་འཁེལ་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་སློབ་གསོའི་རིགས་ཀྱི་ཞིབ་འཇུག་སློབ་མ་དང་གཞུང་གྲོན་གཏོང་མཁན་དགེ་འོས་སློབ་མས་རྒྱུགས་སྤྲོད་མི་དགོས་པའི་གཏན་འཁེལ་སྒྱུར་བཅོས་ཀྱི་རྨང་གཞིའི་ཐོག་འབྲེལ་ཡོད་མཐོ་རིམ་སློབ་གྲྭའི་དགེ་འོས་སློབ་མའི་ཁྲོད་རྒྱུགས་སྤྲོད་མི་དགོས་པའི་གཏན་འཁེལ་སྒྱུར་བཅོས་མུ་མཐུད་བྱ་རྒྱུ་རེད།
མཐོ་སློབ་དགེ་འོས་རིགས་ཀྱི་ཆེད་ལས་སློབ་གཉེར་ཆ་རྐྱེན་དང་སློབ་གཉེར་སྤུས་ཚད་ཀྱི་ཞིབ་དཔྱད་མཇུག་འབྲས་ལ་གཞིགས་ནས་རྒྱུགས་སྤྲོད་མི་དགོས་པའི་གཏན་འཁེལ་སྒྱུར་བཅོས་ཁྱབ་ཁོངས་གཏན་འཁེལ་བྱས་ཏེ་2017ལོ་དང་དེ་བཞིན་དེ་སྔ་རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་སྒྱུར་བཅོས་ཚོད་ལྟའི་ཞིང་ཆེན་ནང་ཞུགས་པའི་མཐོ་སློབ་ཀྱི་འབྲེལ་ཡོད་དགེ་འོས་རིགས་ཀྱི་ཆེད་ལས་ལ་2022ལོ་ནས་བཟུང་རྒྱུགས་སྤྲོད་མི་དགོས་པའི་གཏན་འཁེལ་སྒྱུར་བཅོས་ནང་ཞུགས་ཆོག
     《བརྡ་ཐོའི》ནང་ཁ་གསལ་བསྟན་དོན། རྒྱུགས་སྤྲོད་མི་དགོས་པའི་གཏན་འཁེལ་སྒྱུར་བཅོས་ལག་བསྟར་བྱེད་པའི་མཐོ་རིམ་སློབ་གྲྭས་དགེ་འོས་སློབ་མའི་དགེ་རྒན་གྱི་ལས་རིགས་ནུས་པའི་ཚད་གཞི་གཞིར་བཟུང་། དགེ་འོས་སློབ་མའི་སློབ་གསོ་སློབ་ཁྲིད་ནུས་པའི་དཔྱད་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དཔྱད་ཞིབ་ལམ་ལུགས་ནང་གསོ་སྦྱོང་བརྒྱུད་རིམ་རང་བཞིན་གྱི་དཔྱད་ཞིབ་དང་དགེ་འོས་སློབ་མའི་དགེ་རྒན་གྱི་ལས་རིགས་ནུས་པའི་ཚད་ལེན་ཚོད་ལྟ་ཚུད་ཡོད།
གཞན་ཡང་རང་མོས་ཀྱི་རྩ་དོན་ལ་གཞིགས་ནས་རྒྱུགས་སྤྲོད་མི་དགོས་པའི་གཏན་འཁེལ་སྒྱུར་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་སློབ་གསོའི་རིགས་ཀྱི་ཞིབ་འཇུག་སློབ་མ་དང་དགེ་འོས་སློབ་མ་སོ་སོས་རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་འོས་བབ་རྒྱུགས་ནང་ཞུགས་ཆོག་པ་དང་དེ་མཚུངས་ཀྱི་དགེ་རྒན་གྱི་ཐོབ་ཐང་གཏན་འཁེལ་བྱ་རྒྱུའི་རེ་ཞུ་བྱེད་ཆོག