འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་24ཉིན།

༄༅།།ལི་ཐུ་ཝན་ནི་ཡ་ཀྲུང་གོ་དང་ཐུག་འདོད་པའི་ཐད་ལན་བསློགས།  

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་24ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལི་ཐུ་ཝན་ནི་ཡ་ཀྲུང་གོ་དང་ཐུག་འདོད་པའི་ཐད་ལན་བསློགས།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་19ཉིན་ལི་ཐུ་ཝན་ནི་ཡའི་ཙུང་ཐུང་ན་སེ་ཏ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་ལི་ཀྲུང་གི་འབྲེལ་བ་ཇེ་སྡུག་ཏུ་སོང་བས་ཚོང་ལས་ལ་གྱོང་གུན་བཟོས་ཡོད། ལི་ཕྱོགས་ཀྱིས་དྲོད་ཆག་འཆར་གཞི་ལག་བསྟར་བྱེད་དགོས། ལི་ཐུ་ཝན་ནི་ཡའི་ཕྱི་འབྲེལ་པུའུ་ཀྲང་གིས་བླང་བྱ་ལྟར་ཇུས་གཞི་བཏོན་པ་མ་ཟད། ལི་ཕྱོགས་ཀྱིས་ཡོ་རོབ་སྒྲིག་གཞི་བརྒྱུད་ཀྲུང་གོ་ཕྱོགས་ལ་ཐད་ཀར་བསམ་ཚུལ་ཁ་ཤས་བརྗོད་ཡོད་མོད། འོན་ཀྱང་དུས་བབ་ཞི་ལྷོད་དུ་གཏོང་རྒྱུ་དེ་གཙོ་བོ་གནས་བབ་ཀྱི་རིམ་པ་ཇེ་མཐོར་གཏོང་བའི་ཕྱོགས་ལ་རག་ལས་ཡོད། ལི་ཀྲུང་རྒྱལ་ཁབ་གཉིས་པོས་ཉེ་དུས་དབུ་ཚོགས་འཚོག་རེ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།
     ཀྲའོ་ལི་ཅན་གྱིས་བཤད་དོན། ཀྲུང་ལིའི་འབྲེལ་བར་གནད་དོན་ཐོན་པའི་རྩ་བའི་རྒྱུ་རྐྱེན་ནི་ལི་ཐུ་ཝན་ནི་ཡའི་དབང་འཛིན་ལས་ཁུངས་ཀྱིས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནོར་འཁྲུལ་གྱི་བྱ་སྤྱོད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་གཏོར་བཤིག་བཏང་བ་དེ་རེད། ཀྲུང་ལིའི་འབྲེལ་བ་ཇེ་སྡུག་ཏུ་བཏང་སྟེ་གནས་བབ་ཀྱི་རིམ་པ་རེ་རེ་བཞིན་ཇེ་མཐོར་འགྲོ་བའི་སྲོལ་ངན་ཐོག་མར་སྤེལ་མཁན་སུ་ཡིན་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཤད་སྟངས་ཤིག་ཡོད་ངེས། ཀྲུང་གོ་ཕྱོགས་ཀྱིས་ལི་ཐུ་ཝན་ནི་ཡ་དང་འབྲེལ་གཏུག་བྱེད་པའི་སྒོ་མོ་ཐོག་མཐའ་བར་གསུམ་དུ་ཕྱེ་ཡོད། ལི་ཐུ་ཝན་ནི་ཡས་གལ་ཏེ་དངོས་གནས་མིག་སྔའི་རྣམ་པ་ལེགས་སུ་གཏོང་འདོད་ཡོད་ཚེ་ཀྲུང་གོ་ཕྱོགས་ལ་ལྷག་བསམ་བསྟན་ནས་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་སྤེལ་དགོས།