འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།བོད་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས“སེམས་ནུས་གཅིག་སྒྲིལ་གྱིས་བསམ་འདུན་ཆུང་ངུ་མཚོན་པའི”དང་བླངས་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཀྲུང་གོ་ཡིད་རྟོན་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་དང་བླངས་པ་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་སློབ་ཆུང་དུ“སེམས་ནུས་གཅིག་སྒྲིལ་གྱིས་བསམ་འདུན་ཆུང་ངུ་མཚོན་པའི”དང་བླངས་བྱེད་སྒོ་སྤེལ་ནས། ཐོབ་རྒྱལ་ཤང་སློབ་ཆུང་གི་དགེ་རྒན་དང་སློབ་མར་སྒོར་ཁྲི་13རི་བའི་དགུན་ཆས་དང་སློབ་སྦྱོང་གི་མཁོ་ཆས་སོགས་སྤྲད་པ་རེད།
     བྱེད་སྒོ་སྤེལ་རིང་དང་བླངས་པ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཕྲུ་གུ་ཚོར་གད་སྙིགས་རིགས་དབྱེ་དང་ཤེས་དཔལ་ལྡན་པའི་སློབ་གྲྭ་སྐྲུན་པ་སོགས་ཀྱི་འབྲེལ་ཡོད་ནང་དོན་འགྲེལ་བཤད་བརྒྱབ་པ་དང། གཏམ་རྒྱུད་ཤོད་པ་དང་དྲི་བར་ལན་འདེབས་པའི་རྣམ་པའི་ཐོག་ནས་ཕྲུ་གུ་ཚོར་ཡིད་རྟོན(དྲང་བདེན)གྱི་ཤེས་བྱ་ཆུང་ངུ་ཤེས་པ་བྱས་པ་རེད། དང་བླངས་པ་ཚོས་ད་དུང་བྱེད་སྒོའི་ནང་ཞུགས་པའི་ཁྱིམ་ཚང་ཚང་མར་ཡིད་རྟོན་གྱི་དྲིལ་བསྒྲགས་ལག་དེབ་སྤྲད་ནས། “མི་གཅིག་ལ་སློབ་གསོ་བརྒྱབ་ནས་ཁྱིམ་ཚང་གཅིག་ལ་དྲིལ་བསྒྲགས་བྱེད་པའི”དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། “སེམས་ནུས་གཅིག་སྒྲིལ་གྱིས་བསམ་འདུན་ཆུང་ངུ་མཚོན་པའི”བྱེད་སྒོ་ནི་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་2017ལོར་སྤེལ་བའི་དང་བླངས་ཞབས་ཞུའི་རྣམ་གྲངས་ཤིག་རེད། བྱེད་སྒོ་སྤེལ་བ་ནས་བཟུང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྔ་རྗེས་སུ་སྤྱི་ཁྱབ་དངུལ་ཁང་དང་མངགས་གཏོང་དངུལ་ཁང་དང་མཐུན་སྦྱོར་གྱིས་ཐོབ་རྒྱལ་ཤང་ལྟེ་བའི་སློབ་ཆུང་གི་ཕྱོགས་བསྡུས་སྦྱོང་བརྡར་ཐང་བསྐྲུན་པ་དང་། དགེ་རྒན་ཚོ་པེ་ཅིང་དུ་རྐང་འཛིན་དགེ་རྒན་གྱི་གསོ་སྦྱོང་ནང་ཞུགས་རྒྱུར་རོགས་རམ་བྱས་པ། གཞུང་ལས་སུ་སྤྱོད་པའི་གློག་ཀླད་དང་། སློབ་སྦྱོང་གི་མཁོ་ཆས། འཚོ་བའི་དངོས་ཟོག་སོགས་ཐེངས་10ལྷག་ཙམ་ཞལ་འདེབས་བརྒྱབ་པར་ཁྱོན་རིན་ཐང་སྒོར་ཁྲི་བརྒྱ་ཟིན་ཡོད་པ་རེད།