འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་20ཉིན།

༄༅།།མཚོ་སྔོན་གྱིས་ཚད་གཞི་ཁག་བཞི་བཀྲམ་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་20ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བ་ཟི་ལིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་17ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཚད་གཞི》དང་། 《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་དམིགས་འཁྲོལ་གཉེར་སྐྱོང་ཚད་གཞི》《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེད་ནུས་ཁུལ་དབྱེའི་ལག་རྩལ་ཚད་གཞི》《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ལག་རྩལ་གྱི་ཚད་གཞི》བཅས་ས་གནས་ཀྱི་ཚད་གཞི་ཁག་བཞི་2021ལོའི་ཟླ་12ཚེས་25ཉིན་དངོས་སུ་ཡོངས་བསྒྲགས་བྱས་པ་རེད།
     རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཏེ་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཚད་གཞི》ནི་རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་པའི་གཞི་རྩའི་ཕྱོགས་སྟོན་ཤིག་རེད་ལ། མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྣམ་གྲངས་གྲོས་འགོའི་ཡི་གེ་དང་། ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ། འཆར་འགོད་དང་ཐོག་མའི་ཇུས་འགོད་ཀྱི་སྒྲིག་བཟོ་དང་ཞིབ་བཤེར་ཆོག་མཆན་སྤྲོད་པའི་དཔྱད་གཞིའི་གཞི་འཛིན་ས་བཅས་རེད། 《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་དམིགས་འཁྲོལ་གཉེར་སྐྱོང་ཚད་གཞིའི》ནང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ནང་གི་དམིགས་འཁྲོལ་གཉེར་སྐྱོང་གི་བར་མཐོངས་ཆོག་འཐུས་དང་། བྱ་སྤྱོད་ཚད་གཞི། ཐོན་རྫས་འཇུག་འཐུས། གཉེར་སྐྱོང་ཐོབ་ཐང་། གྲོན་བསྡུའི་ཚད་གཞི། རྨང་གཞིའི་སྒྲིག་བཀོད། བདེ་འཇགས་ལྟ་འདོམས་སོགས་ཀྱི་ལག་རྩལ་བླང་བྱ་གཏན་འཁེལ་བྱས་པ་དང་། དམིགས་འཁྲོལ་གཉེར་སྐྱོང་གོ་རིམ་ལྡན་པ་དང་། ཕན་འབྲས་ཐོན་པ། ཁྲིམས་དང་མཐུན་པ། སྒྲིག་སྲོལ་དང་མཐུན་པ་བཅས་ཀྱི་སྒོ་ནས་བྱ་རྒྱུར་མཛུབ་ཁྲིད་བྱས་ནས། སྤྱི་དམངས་ལ་ཉམས་ལེན་གྱི་ཞབས་ཞུ་སྤུས་ལེགས་ཤིག་མཁོ་འདོན་བྱ་རྒྱུ་རེད། 《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱེད་ནུས་ཁུལ་དབྱེའི་ལག་རྩལ་ཚད་གཞིའི》ནང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ཁུལ་དབྱེ་དང་། བྱེད་ནུས་ཁུལ་དབྱེ། རིམ་དབྱེ་དང་རིགས་དབྱེ་བཅས་ཀྱི་དོ་དམ་ཚོད་འཛིན་གྱི་བླང་བྱ་གཏན་འཁེལ་བྱས་པ་དང་། སྲུང་སྐྱོང་ཁུལ་གྱི་ཁུལ་དབྱེར་མཁོ་བའི་རྨང་གཞིའི་དཔྱད་གཞི་དང་། ཁུལ་དབྱེའི་བརྒྱུད་རིམ། ནུས་པའི་ཁུལ་དབྱེ་སོགས་ཀྱི་སྒྲིག་སྲོལ་ཁ་གསལ་བཟོས་པ། སྲུང་སྐྱོང་ཁུལ་གྱི་མིག་སྔའི་འཆར་འགོད་དང་སྡེ་ཁུལ་འཕེལ་རྒྱས་ཀྱི་སྤྱི་འདོམས་བསམ་གཞིག་གི་འཆར་འགོད་ལག་རྩལ་གྱི་བླང་བྱ་བཏོན་ཡོད། 《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་གི་ལག་རྩལ་གྱི་ཚད་གཞིའི》ནང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་འདེམས་པ་དང་། ལག་རྩལ་དང་བྱ་ཐབས། ལྟ་ཞིབ་ཚད་ལེན་གྱི་ནང་དོན། དཔྱད་ཞིབ་གདེང་འཇོག་བཅས་ཀྱི་ལག་རྩལ་གྱི་བླང་བྱ་གཙོ་བོ་གཏན་འཁེལ་བྱས་ཡོད།