འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་འགྲུལ་པ་བདེ་འཇགས་ངང་འགྲུལ་བཞུད་ཐུབ་པའི་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན་གསར་འགོད་པར་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་དུས་ཚོད་ནི་ཟླ་1ཚེས་17ཉིན་ནས་ཟླ་2ཚེས་25ཉིན་བར་ཡིན་ཞིང་། དཔྱིད་གསར་དུས་ཆེན་གོང་གི་ཉིན་15དང་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་25བར་ཁྱོན་ཉིན་40ཡིན་པ་རེད། དཔྱིད་གསར་སྐྱེལ་འདྲེན་རིང་སྔོན་དཔག་བྱས་ན་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་18སྐྱེལ་རྒྱུ་ཡིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་4500ཟིན་པ་དེ་དུས་མཚུངས་ལས་5%འཕར་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཐག་རིང་འགྲུལ་རྒྱུན་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ལན་ཀྲོའུ། ཤིས་ཨན། ཁྲེང་ཏུའུ། ཁྲུང་ཆིང་སོགས་ཀྱི་ཕྱོགས་སུ་གཅིག་སྡུད་བྱས་ཡོད་པ་དང་། ཐག་ཐུང་འགྲུལ་རྒྱུན་གོར་མོ་དང་། ནག་ཆུ། གཞིས་རྩེ་སོགས་ཀྱི་ཕྱོགས་སུ་གཅིག་སྡུད་བྱས་ཡོད་པ་རེད།
     དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ཆེད། ཉིན་ཤས་གོང་ལྷ་སའི་འཁོར་དོན་དུམ་བུས་ནག་ཆུ་དང་། གཞིས་རྩེ། ཨ་མདོ་སོགས་བབས་ཚུགས་སྒྲིག་འཛུགས་བྱས་ནས་དེ་མཚུངས་ཀྱི་རྩ་འཛུགས་སྒྲིག་གཞི་བཙུགས་ཏེ་མི་སྣ་དང་། འགན་འཁྲི། ལས་ཀའི་བླང་བྱ་བཅས་ཁ་གསལ་བཟོས་པ་དང་ལས་རེས་རེའུ་མིག་བཟོས་ནས་ཉིན་ལྟར་ལས་གནས་ཐོག་ལས་སྒྲུབ་བྱེད་མཁན་ཡོད་པའི་འགན་ལེན་བྱས་ཡོད། དཔྱིད་གསར་སྐྱེལ་འདྲེན་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཆ་འཕྲིན་ཤར་གཏོང་ཐུབ་པ། དུས་ཐོག་ཏུ་ཆ་འཕྲིན་ཚུར་ལན་གནད་འཁེལ་བྱེད་པ། ལྷག་པར་དུ་ས་ཚིགས་ཁག་གི་འགྲུལ་སྐྱེལ་སྒྲིག་ཆས་སྒྲིག་བཀོད་དང་། རིམས་འགོག་བྱ་ཐབས། འགག་རྩའི་ལས་གནས་བཅས་ལ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། ཐོལ་བྱུང་གནད་དོན་དུས་ཐོག་ཏུ་སྙན་སེང་ཞུ་བ་མ་ཟད་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་མཐུན་སྦྱོར་སྒྲིག་འཛུགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ཁག་གོ་རིམ་ལྡན་པ་དང་ཚོད་འཛིན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
     ལྷ་ས་མེ་འཁོར་བབས་ཚུགས་ཀྱི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་དུས་བདེ་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན་བྱས་ཏེ་དཔྱིད་གསར་སྐྱེལ་འདྲེན་གྱི་ཞབས་ཞུ་དོན་འཁྱོལ་ཧུར་ཐག་བྱས་ནས་མི་དམངས་ལྕགས་ལམ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དོན་འཁྱོལ་ནན་ཏན་བྱས་ཏེ་འགྲུལ་པ་ཕྱིར་སྐྱོད་སྐབས་མྱོང་ཚོར་བཟང་པོ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།