འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།ལྷ་སའི་ལས་བྱེད་པ་གཅིག་གཉིས་འབུད་བཏང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་དེ་སྔའི་རིམ་བཞིའི་བརྟག་ཞིབ་པ་དང་། སྟག་རྩེ་ཆུས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཆུས་ཀྲང་གཞོན་པ་ཚེ་རིང་གཡང་འཛོམས་ལ་ལྡན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས་པ་རེད།
   ཞིབ་བཤེར་བྱས་པ་བརྒྱུད། ཚེ་རིང་གཡང་འཛོམས་ཀྱི་ཕུགས་བསམ་དད་སེམས་ཉམས་པ་དང་།ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་བ།མི་གཞན་དང་ལྐོག་འབྲེལ་ཁ་མཐུན་གྱིས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་འཇལ་བ་བཅས་དང་། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་ལག་རྟགས་དང་སྐྱེལ་དངུལ་བླངས་པ་མ་ཚད་གསོལ་སྟོན་དང་ལེན་བྱས་པ་དང་།ནོར་སྲིད་མ་དངུལ་ཧམ་ལེན་བྱས་ནས་གཞུང་དོན་སྣེ་ལེན་དང་དེ་བཞིན་ལག་རྟགས་ཐད་སྤྱད་པ། མི་སྒེར་གྱི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བ། སྒྲིག་འགལ་ངང་རྣམ་གྲངས་འཛུགས་སྐྲུན་ལ་ཐེ་ཇུས་བྱས་པ། རྒྱན་འཛུགས་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོར་ཞུགས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་དོན་གཉེར་བྱེད་པ་མ་ཟད། ཁྲིམས་འགལ་གྱིས་རྒྱུ་ནོར་འབོར་ཆེན་ཡང་དང་ལེན་བྱས་ཡོད། 
   ཚེ་རིང་གཡང་འཛོམས་ཀྱིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བས་ལས་གནས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་འབྲེལ་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞིའང་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཚད་མི་བཟུང་ཞིང་མཚམས་མི་བཞག་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ངོ་ཚ་མི་ཤེས་པ་དང་མཚམས་འཇོག་མི་ཤེས་པ། ཆད་པ་རག་ཡུན་ནང་དུའང་སྔར་བཞིན་ཡ་མེད་སྒྲིག་འགལ་ཁྲིམས་འགལ་བྱས་པས། ངོ་བོ་ཧ་ཅང་ཚབས་ཆེན་དང་ཤུགས་རྐྱེན་ཧ་ཅང་ངན་པ་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་ཞབས་པར་སྲིད་དོན་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ཤིང་ལྷ་ས་གྲོང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད།ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཚེ་རིང་གཡང་འཛོམས་ལ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་གཏན་འབེབས་བྱས་པ་དང་། ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་འབུད་རྒྱུའི་ཆད་པ་བཅད་པ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ་དང་། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པར་སྐྱེལ་སྤྲོད་བྱ་རྒྱུ། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད་པ་རེད།