འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།ཀྲུང་གོའི་ལྷོ་མཚོར་ལྡན་པའི་བདག་དབང་དེ་ཁྲིམས་འགལ་རེད་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་1ཚེས་13ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     གསར་འགོད་པས་ཨ་རིའི་རྒྱལ་དོན་ཁང་གིས་སྙན་ཞུ་སྤེལ་ནས་ཀྲུང་གོས་ལྷོ་མཚོར་བདག་དབང་ལེན་པ་དེ་ཁྲིམས་དང་མི་མཐུན་པ་ཞིག་རེད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡང་མེད་ཅེས་བརྗོད་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས་པ་རེད། 
     དྲིས་ལན། ཨ་རི་ཕྱོགས་ཀྱི་གསར་འགྱུར་མ་ཡིག་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་སྙན་ཞུའི་ནང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འཁྱོག་བཤད་དང་། མཐོང་ཐོས་རྙོག་བཟོ། ཡིན་མིན་ལ་དཀྲུག་ཤིང་བཅས་བྱས་ནས་ས་ཁུལ་གྱི་དུས་བབ་ཟང་ཟིང་བཟོ་གི་ཡོད། ངས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་བསྐྱར་བསྒྲགས་བྱེད་འདོད་ཡོད་ཟེར། 
     དང་པོ། ཀྲུང་གོ་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》འཇོག་མཁན་རྒྱལ་ཁབ་ཅིག་ཡིན་ཞིང་། ཐོག་མཐའ་བར་གསུམ་དུ་སྤྱི་ཆིངས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འགན་འཁྲི་ནན་པོ་འཁུར་བའི་རྣམ་འགྱུར་ཐོག་ནས་སྤྱི་ཆིངས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་ཀྱི་ཡོད། ཨ་རིས་སྤྱི་ཆིངས་ནང་ཞུགས་རྒྱུར་ཁས་མ་བླངས་མོད་སྤྱི་ཆིངས་ཀྱི་ཁྲིམས་གཅོད་དཔོན་པོ་ཞིག་ཡིན་ཁུལ་གྱིས་རང་སྣང་གང་ཤར་གྱིས་སྤྱི་ཆིངས་ལ་འཁྱོག་བཤད་བྱས་པ་དང་།སྒེར་གྱི་ཁེ་ཕན་ཆེད་དུ་ཚད་གཞི་སྣ་ཚོགས་སྤྱད་ནས་ཆབ་སྲིད་ཐོག་ནས་དཀྲུག་ཤིང་བྱས་པ་དང་།རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་གཏོར་བཤིག་གཏོང་གི་ཡོད།
     གཉིས། ཀྲུང་གོར་ཏུང་ཧྲ་གླིང་ཚོམ་དང་། ཞི་ཧྲ་གླིང་ཚོམ། ཀྲུང་ཧྲ་གླིང་ཚོམ། ནན་ཧྲ་གླིང་ཚོམ་བཅས་ཚུད་པའི་ལྷོ་མཚོའི་གླིང་ཚོམ་ལ་བདག་དབང་ཡོད། ཀྲུང་གོའི་ལྷོ་མཚོའི་གླིང་ཚོམ་ལ་ནང་ལོགས་ཀྱི་ཆུ་བོ་དང་། མངའ་ཁོངས་རྒྱ་མཚོ། མུ་འབྲེལ་ས་ཁུལ་བཅས་ཡོད་པ་དང་། ཀྲུང་གོའི་ལྷོ་མཚོའི་གླིང་ཚོམ་ལ་ཆེད་གཏོགས་དཔལ་འབྱོར་ཁུལ་དང་རྒྱ་མཚོར་བརྒྱངས་པའི་ས་སྒྲོམ་ཡང་ཡོད། ་ལྷོ་མཚོར་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་དབང་ཆ་ཡོད། ལྷོ་མཚོར་ཀྲུང་གོར་ལྡན་པའི་བདག་དབང་དང་འབྲེལ་ཡོད་ཁེ་དབང་ནི་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རིམ་ནང་གཏན་འཁེལ་བྱས་པ་ཞིག་ཡིན་ཞིང་།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཐུན་ཡོད།
     གསུམ། ལྷོ་མཚོའི་འདུམ་གཅོད་གྱོད་གཞི་དང་དེ་བཞིན་ཁྲིམས་ཐག་བཅད་པའི་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན་ལ་བློ་བརྟན་འགྱུར་མེད་ཅིག་ཀྱང་ཡིན། འདུམ་གཅོད་ཁྲིམས་རས“རྒྱལ་ཁབ་ཀྱི་མོས་མཐུན”རྩ་དོན་ལས་འགལ་ནས་དབང་བརྒལ་ཞིབ་གཅོད་དང་ཁྲིམས་འགལ་ཐག་གཅོད་བྱས་པ་དེས།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》དང་སྤྱིར་བཏང་གི་རྒྱལ་སྤྱིའི་བཅའ་ཁྲིམས་ལས་ཚབས་ཆེན་འགལ་ཡོད། ཁྲིམས་ཐག་བཅད་པ་དེ་ནི་ཁྲིམས་འགལ་དང་ནུས་པ་མེད་པ་ཞིག་ཡིན་པས་ཀྲུང་གོས་ཁས་ལེན་བྱེད་ཀྱི་མེད།
     བཞི་པ། དེང་སྐབས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐུན་མོང་འབད་བརྩོན་འོག་ལྷོ་མཚོའི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཨ་རིས་ལྷོ་མཚོར་ཡང་ཡང་དཀྲུག་ཤིང་རྒྱག་པ་དང་། ས་ཁུལ་དང་རྒྱལ་ཁབ་བར་དཀྲུག་ཤིང་གང་ཐུབ་བྱས་པས་མི་སེམས་གཏན་ནས་འགུགས་མི་ཐུབ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་གསལ་པོ་ཤེས་ཀྱི་ཡོད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་ལྷོ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་མུ་མཐུད་གཞོལ་ནས་ས་ཁུལ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།