འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།སི་ཁྲོན་དཀར་མཛེས་ཀྲོའུ་ཡི་ཆུ་ཤུགས་གློག་ཁང་ཞིག་ཏུ་མི་11ཉེན་ཁའི་གནས་སུ་གྱར་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་12ཉིན་གྱི་ཆུ་ཚོད་14ཙམ་ལ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་རོང་བྲག་རྫོང་ཀོན་ཀྲོའུ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་གསུམ་པ་ཉམས་བཟོ་བྱེད་སྐབས་བཟོ་ཁང་གི་ཆུ་མདོང་གི་ཆུ་སྒོ་གས་ཏེ་བཟོ་པ་11ཉེན་ཁའི་གནས་སུ་གྱར་པ་དང་། མིག་སྔར་མི་3(དེའི་ཁྲོད་ནས་མི་1ཤི་བ)བསྐྱབས་པ་དང་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་པ་རེད།
     སྙན་སེང་འབྱོར་རྗེས་འཕྲལ་འདོམས་པུའི་པུའུ་ཀྲང་ཧོང་མིང་གིས་འཕྲལ་དུ་བཀོད་སྒྲིག་བྱས་ཏེ་འབྲེལ་བ་ཆད་པའི་མི་གྲངས་གང་མགྱོགས་ཞིབ་དཔྱད་བྱས་ནས་ཚན་རིག་དང་མཐུན་པའི་སྒྲིག་འཛུགས་དང་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་པ་དང་། ས་གནས་ས་ཐོག་གི་ཐག་གཅོད་ལས་དོན་སྤེལ་བ། ཆུ་ཤུགས་གློག་ཁང་དང་དེའི་ཉེ་འཁོར་ས་ཁོངས་ཀྱི་བདེ་འཇགས་དཔྱད་དཔོག་ཡག་པོ་བྱས་ནས་ཞོར་ཐོན་ལས་འཛོལ་མི་ཡོང་བ་བཅས་བྱས་ཏེ་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། ལས་འཛོལ་བྱུང་རྐྱེན་གང་མགྱོགས་རྩད་གཅོད་ཐུབ་པ་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ནས་ལས་འཛོལ་དེ་རིགས་མཐའ་གཅིག་ཏུ་མི་ཐོན་པ་བྱེད་པ་དང་འབྲེལ། ལས་དོན་ཚོགས་ཆུང་གནས་ཚུལ་ཐོན་སར་མཛུབ་ཁྲིད་ཐག་གཅོད་དང་བྱུང་རྐྱེན་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་བར་མངགས་དགོས་པའི་བླང་བྱ་བཏོན་པ་རེད།
     ལས་འཛོལ་ཐོན་རྗེས་དཀར་མཛེས་ཀྲོའུ་ཡི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་མར་མི་46དང་། མེ་གསོད་རླངས་འཁོར་6 གདོང་མཆོང་གྲུ་གཟིངས་1བཅས་ས་གནས་ས་ཐོག་ཏུ་བཏང་བ་རེད། སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཁྲེང་ཏུའུ་དང་གཡག་རྔ་སོགས་ཉེ་འཁོར་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ཆུ་ཁོངས་སུ་རོགས་སྐྱོབ་བྱེད་མཁན་25དང་མེ་གསོད་རླངས་འཁོར་7དེ་བཞིན་ཆུ་འཐེན་ཡོ་བྱད་སོགས་ཀྱི་ཆེད་ལས་སྒྲིག་ཆས་སྐོང་འཐེན་བྱས་ནས་རོགས་སྐྱོབ་བྱེད་པར་མངགས་པ་རེད།