འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་15ཉིན།

༄༅།།ཀན་སུའུ་ཡིས་སྡོད་ཁང་ཁྲི་50ཙམ་ལ་ཁང་པའི་ལག་ཁྱེར་གཉེར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་15ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     སྡོད་ཁང་གི་ལག་ཁྱེར་རག་པའི་སྐབས་སུ་ལོ་65ལ་སླེབས་པའི་ལན་ཀྲོའུ་ཡི་གྲོང་མི་ལི་ལགས་ཧ་ཅང་དགའ་པོ་བྱུང་ཞིང་། ཁོང་གིས“ལོ་7བསྒུགས་རྗེས་དེ་རིང་གཞི་ནས་ཁང་པའི་ལག་ཁྱེར་རག་བྱུང་བས་སེམས་ཁྲལ་རྦད་དེ་བསལ་སོང”ཞེས་བརྗོད།
     སྐུ་ཞབས་ལི་ལགས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་ཡཱ་ཐའེ་རྒྱལ་སྤྱིའི་སྤྱི་ཤག་ཏུ་སྡོད་ཀྱི་ཡོད། ཐོག་ཁང་དེ་2010ལོར་བསྐྲུན་ནས་སྤྱི་ཚོགས་ལ་བཙོངས་ཤིང་། ས་ཁང་ཐོན་ལས་གསར་སྤེལ་གྱི་དོ་བདག་བརྗེས་ནས་ས་ཆ་ནང་བཤུག་གི་དངུལ་འཇལ་ཐད་རྙོག་དྲ་ལྷག་པར་བརྟེན་ཁང་པའི་ལག་ཁྱེར་ད་བར་གཉེར་ཐུབ་མེད། 2014ལོར་སྐུ་ཞབས་ལི་ལགས་ཀྱིས་ཁང་པ་ཉོས་རྗེས། དེ་ནས་བཟུང་ཁོང་དང་ཁང་བདག་གཞན་གྱིས་ལག་ཁྱེར་ཡུན་རིང་བསྒུགས་ནས་སྡོད་དགོས་བྱུང་།
     འདི་ལོ་གཞི་ནས་ཁོ་ཚོའི་རེ་བ་བསྒྲུབས་ཤིང་། ཟླ་བདུན་པའི་ཟླ་དཀྱིལ་དུ་ལས་དོན་པས་ཁང་པའི་རྒྱ་ཁྱོན་འཇལ་འགོ་ཚུགས་པ་དང་དེ་རྗེས་རེ་ཞུའི་དཔྱད་ཡིག་དང་། ཞིབ་དཔྱད། ཁྲལ་བསྡུ་སོགས་བྱས་རྗེས་སྐུ་ཞབས་ལི་ལགས་ཀྱིས་ལོ་མང་རེ་སྒུག་བྱས་པའི་ཁང་པའི་ལག་ཁྱེར་གཞི་ནས་རག་པ་རེད།
     སྡོད་ཁང“ཐོ་འགོད་དཀའ་བའི”ལོ་རྒྱུས་ཀྱི་གནད་དོན་གྱིས་མང་ཚོགས་ཐེམ་ཐོ་བཟོ་བ་དང་། བུ་ཕྲུག་སློབ་གྲྭར་གཏོང་བ། ཁང་པ་ཉོ་བ་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། དེ་ནི་མང་ཚོགས་ཚོས་བསམ་འཆར་མང་བའི་གནད་དོན་ཞིག་རེད། འདི་ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་གྱིས་དཀའ་གནད་དེར་དམིགས་ཏེ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བརྡར་གཅོད་དབྱེ་ཞིབ་བྱས་ནས་སྲིད་གཞུང་སྡེ་ཚན་དང་། གསར་སྤེལ་འཛུགས་སྐྲུན་གྱི་བྱེད་པོ། ཁང་པ་ཉོ་མཁན་གྱི་འགན་འཁྲི་བཅས་གཙང་བཤེར་བྱས་པ་མ་ཟད། སྒྲུབ་གཉེར་གྱི་གོ་རིམ་སྟབས་བདེ་རུ་གཏོང་བ་དང་། འགན་འཁྲིའི་ཚད་གཞི་ཁ་གསལ་བཟོ་བ། བཅའ་ཁྲིམས་དང་ཁྲོམ་ར་སོགས་བྱེད་ཐབས་སྣ་ཚོགས་མཉམ་དུ་སྤྱོད་པ་བཅས་བྱས་ནས་མང་ཚོགས་ཀྱི་རྒྱུ་ནོར་དབང་ཆ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།
     མིག་སྔའི་བར། ཀན་སུའུ་ཞིང་ཆེན་གྱིས་རིམ་རྩིས་བྱས་ན། “ཐོ་འགོད་དཀའ་བའི”གནད་དོན་དང་འབྲེལ་བ་ཡོད་པའི་ཁང་པ་ཁྲི་81ཡོད་པ་ཤེས་པ་དང་། སྡོད་ཁང་ཁྲི་50ཡི་ཁང་པའི་ལག་ཁྱེར་གྱི་དཀའ་གནད་བསལ་ནས་དཀའ་གནད་བསལ་ཚད་བརྒྱ་ཆ་དྲུག་ཅུ་ལས་བརྒལ་ཡོད་པ་རེད།
     སྡོད་ཁང“ཐོ་འགོད་དཀའ་བའི”གནད་དོན་ཚབས་ཆེ་བའི་ལན་ཀྲོའུ་གྲོང་ཁྱེར་དུ“ལག་ཁྱེར་དང་ཁྲལ་བསྡུ་ལོགས་དབྱེ”དང་། “ལག་ཁྱེར་དང་སྒྱུར་བཅོས་ལོགས་དབྱེ” “ལག་ཁྱེར་དང་ཞིབ་དཔྱད་ལོགས་དབྱེ”བཅས་ཁྱབ་གདལ་བཏང་ནས་མང་ཚོགས་ཚོས་ཁང་པའི་ལག་ཁྱེར་སྒྲུབ་གཉེར་དང་ཁེ་ལས་ཀྱི་ཁྲལ་བསྡུ། ཆེད་དོན་ཞིབ་བཤེར་རྩིས་ལེན་སོགས་དབྱེ་བ་ཕྱེ་བ་དང་མཉམ་དུ་སྐུལ་འདེད་བཏང་ནས་ལག་ཁྱེར་གཉེར་བའི་ལས་ཆོད་མཐོ་རུ་བཏང་བ་རེད།
     ལོ་རྒྱུས་སུ་ལུས་པའི་གནད་དོན་ཐག་གཅོད་བྱས་པ་དང་ཆབས་ཅིག ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་སྡེ་ཚན་གྱིས་ཉམས་མྱོང་ལ་སྔར་བས་ཕྱོགས་སྡོམ་དང་བརྒྱུད་རིམ་ལེགས་སྒྲིག་བྱས་ནས་ལན་ཀྲོའུ་དང་། ཅིའུ་ཆོན། པེ་དབྱིང་སོགས་ས་ཁུལ་དུ“སྡོད་ཁང་རྩིས་སྤྲད་རྗེས་དེ་མུར་ཁང་པའི་ལག་ཁྱེར་སྤྲོད་པའི”བྱེད་ཐབས་འཚོལ་ཞིབ་ཚོད་ལྟ་བྱས་ནས་སྡོད་ཁང་ཐོ་འགོད་ཐད་དཀའ་གནད་གསར་པ་ཐོན་པ་དང་གནད་དོན་ཕུང་གསོག་གཏན་འགོག་བྱས་པ་རེད།
     ཀན་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་གནད་དོན་ཐག་གཅོད་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།