འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་14ཉིན།

༄༅།།ཕྱི་རྒྱལ་དུ་ཤོར་བའི་རིག་དངོས་གཉིས་རང་རྒྱལ་ལ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་14ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཕྱི་རྒྱལ་དུ་ཤོར་བའི་རིག་དངོས་གཉིས་རང་རྒྱལ་ལ་སྤྲད་པ།
     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་དུ་ཞལ་འདེབས་ཕུལ་བའི་མཛད་སྒོ་གཙོ་གཉེར་བྱས་པ་རེད། ཨ་རི་བ་སུའུ་ཧྲན་ནཱ་ཧྥུའུ་ལ་ཐུའུ་སིས་རང་རྒྱལ་ལ་ཞལ་འདེབས་ཕུལ་བའི་མིང་རྒྱལ་རབས་ཀྱི་རྫ་བཟོས་དུར་བརྙན་གཉིས་ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་4པར་སན་ཧྥན་སི་སི་ཁོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་དུ་སུའུ་ཧྲན་ནཱ་ཧྥུའུ་ལ་ཐུའུ་སིའི་སྦྲག་སྲིད་མྱུར་སྐྱེལ་དངོས་པོ་ཞིག་འབྱོར་ཞིང་། དེའི་ནང་ཚོན་ཁྲ་ཅན་གྱི་ལངས་གཟུགས་རྫ་བཟོས་དུར་བརྙན་གཉིས་དང་འཕྲིན་ཡིག་ཅིག་ཡོད། འཕྲིན་ཡིག་ནང་དེའི་ཁྱིམ་རྒྱུད་དང་རྫ་བཟོས་དུར་བརྙན་འདི་གཉིས་ཀྱི་ལས་འབྲེལ་སྐོར་བཤད་ཡོད་པ་དང་། ཀྲུང་གོའི་སྲིད་གཞུང་བརྒྱུད་ནས་རིག་དངོས་དེ་ཀྲུང་གོའི་མི་དམངས་ལ་བསྐྱལ་ནས་ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་ལ་ཞལ་འདེབས་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། རྫ་བཟོས་དུར་བརྙན་གཉིས་ནི་མོ་རང་གི་སྤོ་བོ་ལགས་ཀྱིས་དུས་རབས་20པའི་དུས་འགོར་ཀྲུང་གོར་སྨན་བཅོས་བྱེད་སྐབས་ཐོབ་པ་དང་ཆབས་ཅིག་ཨ་རིར་ཕྱིར་ཁྱེར་ཡོང་བ་རེད། 
    གསལ་འབྱེད་བྱས་པ་བརྒྱུད། རྫ་བཟོས་དུར་བརྙན་གཉིས་ཀ་ནི་མིང་རྒྱལ་རབས་ཀྱི་དུར་རྫས་ཡིན་པ་དང་། དེ་ནི་ཀྲུང་གོའི་གནའ་རབས་ཀྱི་དུར་སའི་ལམ་ལུགས་དང་རྫ་བཟོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྩ་ཆེའི་དངོས་རྫས་ཀྱི་དཔྱད་གཞི་ཞིག་ཡིན་ཞིང་། ཉར་ཚགས་ཀྱི་རིན་ཐང་གལ་ཆེན་ལྡན་པ་དང་། རིག་དངོས་རིམ་པ་གསུམ་པར་གཏན་འཁེལ་བྱས་ཡོད། “རྫ་བཟོས་དུར་བརྙན་གཉིས་ཕྱིར་སྤྲོད་པ་ནི་མ་དངུལ་ལམ་ཆབ་སྲིད་ཀྱི་ཐབས་ལམ་ལ་བརྟེན་པ་ཞིག་མ་ཡིན་པར་བརྩེ་སེམས་ཀྱི་སྟོབས་ཤུགས་དང་ཀྲུང་གོའི་མི་དམངས་ལ་བརྩི་འཇོག་བྱས་པ་ལས་བྱུང་བ་ཞིག་ཡིན” ཞེས་རིག་དངོས་ཞལ་འདེབས་འབུལ་མཁན་སུའུ་ཧྲན་ནཱ་ཧྥུའུ་ལ་ཐུའུ་སིས་དེ་ལྟར་བཤད།
     རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀོན་ཆང་གིས་བཤད་དོན། སུའུ་ཧྲན་ནཱ་ཧྥུའུ་ལ་ཐུའུ་སིས་རྫ་བཟོས་དུར་བརྙན་རང་ཡུལ་དུ་སྐྱེལ་བའི་དྲང་བདེན་གྱི་བྱ་སྤྱོད་ལས་མི་རྣམས་ཡིད་སྨོན་སྐྱེ་འོས་པའི་བླ་ན་མེད་པའི་གཤིས་རྒྱུད་མངོན་པ་དང་། ཨ་རིའི་དམངས་ཚོགས་དཀྱུས་མ་ཚོས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་ཀྱི་བརྩེ་སེམས་མཚོན་ལ། ཕྱིར་ལོག་རིག་དངོས་ལ་མངའ་བའི “སྒྱུ་རྩལ་གྱི་རིན་ཐང་ངོ་མ”མངོན་ཡོད།
༄༅།།ཕྱི་རྒྱལ་དུ་ཤོར་བའི་རིག་དངོས་གཉིས་རང་རྒྱལ་ལ་སྤྲད་པ།