འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་6ཉིན།

༄༅།།མཚོ་སྔོན་གྱིས་བང་སངས་གུང་གསེང་ཉིན་188བར་རིང་དུ་བཏང་བ་དང་བུ་གསོའི་གུང་གསེང་ཉིན་15སྤར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་06ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པར《མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། བུད་མེད་ལ་བུ་བཙའི་གུང་གསེང་ཉིན་90བྱ་དགའ་སྤྲོད་པ་མ་ཟད། ད་དུང་ཕྲུ་གུ་ལོ་3ལ་མ་སོན་གོང་བཟའ་ཚོ་གཉིས་ཀར་ལོ་རེར་བུ་གསོའི་གུང་སེང་ཉིན་15རེ་སྟེར་རྒྱུ་ཡིན་པ་རེད།
    སྲོལ་ཡིག་ནང་གཏན་འབེབས་བྱས་དོན། ཁྲིམས་ལྟར་གཉེན་སྒྲིག་ཐོ་འགོད་བྱས་པའི་ཁྱོ་ཤུག་གིས་གཉེན་སྒྲིག་གུང་གསེང་ཉིན་15ལོངས་སུ་སྤྱད་ཆོག་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཕྲུ་གུ་སྐྱེས་པའི་ཁྱོ་ཤུག་གིས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གུང་གསེང་ལོངས་སུ་སྤྱད་ཆོག་པ་ཕུད་ད་དུང་བུད་མེད་ལ་བུ་བཙའི་གུང་གསེང་ཉིན་90དང་སྐྱེས་པར་ལྟ་སྐྱོང་གུང་གསེང་ཉིན་15སྟེར་རྒྱུ་དང་། མི་སྤྱོད་ཚན་པ་ཁག་ལ་ཁྲིམས་ལྟར་ཕྲུ་གུ་སྐྱེས་པའི་ཁྱོ་ཤུག་ལ། ཕྲུ་གུ་ལོ་3ལ་མ་སོན་གོང་ལོ་རེར་ཁྱོ་ཤུག་གཉིས་ཀར་བུ་གསོའི་གུང་གསེང་ཉིན་15རེ་སྟེར་རྒྱུའི་ལྕག་སྐུལ་བྱ་རྒྱུ།
   རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། བུད་མེད་ལས་བཟོའི་ཁྲིམས་གཏན་འཁེལ་བའི་བང་སངས་གུང་གསེང་ཉིན་98ཡིན་པ་དང་། མཚོ་སྔོན་གྱི་བུད་མེད་ལས་བཟོའི་བང་སངས་གུང་གསེང་དང་བུ་བཙའི་གུང་གསེང་གཉིས་ཀ་བསྣན་ན་གུང་གསེང་ཉིན་188ཡོད་པ་རེད།
   གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ནང་དུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁག་ལ་བཅོལ་སྐྱོང་སྒྲིག་གཞི་གཉེར་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཡོད་པ་དང་། ད་དུང་བུ་བཅོལ་ཁང་གིས་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྡེ་ཁུལ་བཅས་ལ་བཅོལ་སྐྱོང་ཞབས་འདེགས་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འཆར་འགོད་དང་། ས་ཆ། སྡོད་ཁང་། ནོར་སྲིད། དངུལ་རྩ། ཤེས་ལྡན་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྤྱད་དེ། ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་དང་། སྡེ་ཁུལ་གྱི་བཅོལ་སྐྱོང་ཞབས་འདེགས་འཕེལ་རྒྱས། ཕྲུ་གུ་བཅོལ་སྐྱོང་ཞབས་འདེགས་འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་སྟེ། ཕྲུ་གུ་ཡོད་པའི་ཁྱིམ་ཚང་ལ་ཞབས་འདེགས་ཞུ་ཚད་དང་དྲང་གཞག་རང་བཞིན་ཆེ་རུ་གཏོང་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།