འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་1ཉིན།

༄༅།།གློག་ཤུགས་གཙང་མས་གཙང་གསུམ་ཆུ་འགོར་དྲོ་སྐྱིད་སྦྱིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་01ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཨེར་སྟི་ཤང་བུ་བཅོལ་ཁང་དུ་ལས་ཀ་བྱས་ནས་ལོ་6སོང་བའི་ཡོན་ཀྲང་ཆིན་ཧའེ་དབྱིང་ལ་གོམས་གཤིས་འདི་འདྲ་ཞིག་ཡོད་པ་སྟེ། དགུན་ཁ་འཆར་རིམ་བཞིན་སྔ་པོ་ནས་སློབ་ཁང་དུ་བསྐྱོད་དེ་དྲོད་རླངས་ཀྱི་ལྕགས་ལེབ་ཚ་པོ་ཆགས་མིན་ལ་ལྟ་ཡི་ཡོད།
   “དེ་སྔ་བུ་བཅོལ་ཁང་དུ་དྲོད་གཏོང་སྐབས་རྡོ་སོལ་ཁྲོ་ཐབ་རྙིང་པར་རྟེན་དགོས་པས། ག་ཚོད་བསྲེགས་ཀྱང་ཚ་པོ་ཆགས་ཀྱི་མེད”ཅེས་ཆིན་ཧའེ་དབྱིང་གིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་སློབ་ཁང་དུ་དྲོ་པོ་མེད་པས་དགུན་ཁའི་སློབ་དུས་འཆར་རིམ་བཞིན་ཁྱིམ་བདག་མང་པོས་ཕྲུ་གུ་སློབ་གྲྭར་སྐྱེལ་འདོད་བྱེད་ཀྱི་མི་འདུག་ཅེས་བརྗོད།
    འདི་ལོའི་དགུན་ཁའི་སློབ་དུས་ལ་ཁོང་གིས་སྔར་བཞིན་གོམས་གཤིས་འདི་རྒྱུན་འཁྱོངས་བྱས། འོན་ཀྱང་དྲོད་རླངས་ཚ་པོ་མེད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ་ཡོང་མཁན་ཉུང་བའི་གནས་ཚུལ་ལ་དེ་སྔ་བཞིན་སེམས་ཁྲལ་བྱེད་དགོས་ཀྱི་མེད། མཚོ་སྔོན་ཞིང་ཆེན་གྱི《2021ལོའི་ཞིང་ཆེན་ཡོངས་ཀྱི་དྲོད་རླངས་གཙང་མ་མཁོ་འདོན་ལས་དོན་གྱི་ཇུས་གཞི》དོན་འཁྱོལ་ཐུབ་པ་དང་བསྟུན་ནས། འདི་ལོའི་དྲོད་རླངས་མཁོ་འདོན་གྱི་ནམ་དུས་མ་ཤར་གོང་། བུ་བཅོལ་ཁང་གི་རྡོ་སོལ་ཁྲོ་ཐབ་རྙིང་པ་དེ་ཕན་ནུས་ཆེ་ལ་གཙང་ཞིང་ཚང་མ་རང་འགུལ་ཡིན་པའི་གློག་གི་ཁྲོ་ཐབ་ལ་བསྒྱུར་བས། སློབ་ཁང་ཕྱི་རོལ་ཏུ་གྲང་ངར་ག་ཚོད་ཆེ་ནའང་སློབ་ཁང་དུ་ཧ་ཅང་དྲོ་པོ་ཡོད།
     མཚོ་སྔོན་གྱི་གློག་ཤུགས་གཙང་མའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཤིང་། འོད་ཤུགས་གཙོ་བོར་བྱས་པའི་ནུས་རྒྱུ་གསར་པའི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་མགྱོགས་མྱུར་མང་དུ་ཕྱིན་ནས། “སོལ་ཚབ་གློག་སྤྱོད”ཀྱི་བྱ་ཐབས་ཁྱབ་གདལ་དང་ལག་ལེན་བསྟར་ཆེད་གློག་ཁུངས་ཀྱི་འདེགས་སྐྱོར་ཧ་ཅང་ཡག་པོ་བྱས་ཡོད་པ་རེད།
     ས་གནས་དེ་གའི་ནུས་རྒྱུའི་གྲུབ་ཆའི་ཁྱད་ཆོས་དང་དྲོད་རླངས་མཁོ་འདོན་གྱི་དོན་དངོས་ལ་གཞིགས་ནས། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཚོད་ལྟ་སྔོན་ལ་བྱེད་པ་དང་རིགས་དབྱེ་ལག་བསྟར་བྱེད་པའི་རྩ་དོན་གཞིར་བཟུང་། གཙང་གསུམ་ཆུ་འགོའི་ཁུལ་དུ་དྲོད་རླངས་གཙང་མ་མཁོ་འདོན་བྱེད་སྟངས་སྒྱུར་བཀོད་ལ་འཚོལ་ཞིབ་དང་ཁྱབ་གདལ་བཏང་ཞིང་། 2020ལོར། རྨ་ཆུའི་ཆུ་འགོའི་རྫོང་གཉིས་ཀྱིས་དྲོད་རླངས་གཙང་མ་མཁོ་འདོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། 2021ལོར། དྲོད་རླངས་གཙང་མ་མཁོ་འདོན་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་མགྱོགས་སུ་བཏང་བས། ཚོད་ལྟའི་རྣམ་གྲངས་གཙང་གསུམ་ཆུ་འགོའི་ཁུལ་གང་སར་ལག་ལེན་སྟར་འགོ་ཚུགས་ཡོད།
    འདི་ལོའི་དྲོད་རླངས་མཁོ་འདོན་གྱི་ནམ་དུས་མ་ཤར་གོང་། ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ཁྲི་623བཏང་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་མི་རིགས་མཐོ་རིམ་སློབ་འབྲིང་གི་སྨི་ངོས་གྲུ་ཁྲི་3.58ཟིན་པའི་སློབ་ཁང་དང་། ལུས་རྩལ་ཁང་། ཉལ་ཁང་བཅས་ལ་དྲོད་རླངས་གཙང་མ་མཁོ་འདོན་བྱེད་སྟངས་སྒྱུར་བཀོད་བྱས་པ་རེད། སློབ་གྲྭའི་རྒྱབ་ཕྱོགས་ཞབས་ཞུའི་སྡེ་ཚན་གྱི་ལས་དོན་མི་སྣ་ཡང་གསང་གིས། འདི་ལོའི་དགུན་ཁར་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་གི་དྲོད་ཚད་དེ་སྔོན་ལས་མངོན་གསལ་དོད་པོས་མཐོ་བ་འདུག་པས། གཞི་རྩའི་ཆ་ནས་ཧྲེ་ཧྲི་ཏུའུ་19ཡན་ཟིན་གྱི་འདུག་ཅེས་གསར་འགོད་པར་བརྗོད།
    “མི་རིགས་མཐོ་རིམ་སློབ་འབྲིང་ལ་དྲོད་རླངས་གཙང་མ་མཁོ་འདོན་བྱེད་སྟངས་སྒྱུར་བཀོད་བྱས་པ་དེས་བྲག་དཀར་རྫོང་གྲོང་དུ་གཅིག་སྡུད་རྡོ་སོལ་བསྲེགས་ནས་དྲོད་མཁོ་འདོན་གྱི་ཁྲོ་ཐབ་སྤྱོད་པའི་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་པ་མ་ཟད། སྒྱུར་བཀོད་བྱས་རྗེས་ཀྱི་བེད་སྤྱོད་གནས་ཚུལ་ནས་བལྟས་ན། སློབ་གྲྭས་དྲོད་རླངས་མཁོ་འདོན་བྱེད་པའི་མ་གནས་ཅུང་ཆག་པ་དང་རགས་རྩིས་ལྟར་ན། དྲོད་རླངས་མཁོ་འདོན་གྱི་ནམ་དུས་གཅིག་ལ་སྒོར་ཁྲི་20ཙམ་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བྲག་དཀར་རྫོང་འཕེལ་རྒྱས་དང་སྒྱུར་བཅོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཁྲང་ཁོའོ་ཡིས་བརྗོད།
    “གཙང་གསུམ་ཆུ་འགོའི་ཁུལ་དུ་དྲོད་རླངས་གཙང་མ་མཁོ་འདོན་བྱེད་སྟངས་སྒྱུར་བཀོད་བྱས་པ་དེ། ཕྱོགས་གཅིག་ནས་ས་གནས་དེ་གའི་ནུས་རྒྱུ་འཛད་སྤྱོད་ཐཱན་ཉུང་ཅན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་པ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གློག་ཤུགས་ཐེག་ཚད་མཐོ་རུ་ཕྱིན་ནས་ནུས་རྒྱུ་གསར་པ་ས་ཆ་དེ་རང་དུ་སྤྱོད་པར་སྐུལ་འདེད་གཏོང་བ་དང་རྡོ་སོལ་བསྲེགས་ནས་མཁོ་སྤྲོད་བྱེད་པའི་གནོན་ཤུགས་ཆུང་དུ་འགྲོ་བར་ཕན་པ་ཡོད། གཞན་ཡང་ད་དུང་མི་སེར་གྱི་དྲོ་ཇུས་བྱེད་པའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པས། གཅིག་གོ་མང་ཆོད་རེད་ཟེར་ཆོག”ཅེས་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱང་ཡུང་ཅུན་གྱིས་བརྗོད།
   གཙང་གསུམ་ཆུ་འགོའི་ཁུལ་དུ་དྲོད་རླངས་གཙང་མ་མཁོ་འདོན་ལག་བསྟར་གྱི་འབྲེལ་ཡོད་འཆར་འགོད་གཞིར་བཟུང་། དྲོད་རླངས་གཙང་མ་མཁོ་འདོན་གྱི་འཛུགས་སྐྲུན་ཉམས་མྱོང་ཚོད་ལྟ་དང་འཚོལ་ཞིབ་བྱས་པ་བརྒྱུད། མཐོ་གྲང་ས་ཁུལ་དུ་འཚམ་པའི་དྲོད་རླངས་གཙང་མ་མཁོ་འདོན་འཛུགས་སྐྲུན་གྱི་ཉམས་མྱོང་དང་ལས་ཀའི་ལམ་སྲོལ་བཙལ་ཅིང་། 2025ལོར་སླེབས་སྐབས། གཙང་གསུམ་ཆུ་འགོའི་ཁུལ་གྱི་ཤང་དང་གྲོང་རྡལ་ཚུད་པའི་གྲོང་ཁྱེར་དང་གྲོང་རྡལ་དུ་དྲོད་རླངས་གཙང་མ་མཁོ་འདོན་སྤྱིའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། ཞིང་འབྲོག་ཁུལ་དུ་གློག་ཤུགས་ཀྱིས་དྲོད་རླངས་མཁོ་འདོན་བྱེད་པའི་བསྡུར་ཚད་50%ཡན་ཟིན་པ་བྱེད་རྒྱུ་རེད།