འཚོལ་བཤེར།   
藏文频道
2021ལོའི་ཟླ་12ཚེས་1ཉིན།

༄༅།།མཚོ་སྔོན་གློག་དྲ་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་གློག་གསོག་ཚད་
མཐོ་ཤོས་ཀྱི་ཞིང་ཆེན་ས་ཁོངས་གློག་དྲར་གྱུར་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་01ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་བར། མཚོ་སྔོན་གློག་དྲ་ཡོངས་ཀྱི་གློག་གསོག་ཚད་བསྡོམས་འབོར་ཆན་ཝ་ཁྲི་4070ཟིན་པའི་ནང་། ནུས་རྒྱུ་གསར་པའི་གློག་གསོག་ཚད་ཆན་ཝ་ཁྲི་2485ཟིན་པ་དེས་བསྡུར་གྲངས་བཟུང་ཚད་61%ཟིན་པས། མཚོ་སྔོན་གློག་དྲ་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་གློག་གསོག་ཚད་བསྡུར་གྲངས་མཐོ་ཤོས་བཟུང་བའི་ཞིང་ཆེན་ས་ཁོངས་ཀྱི་གློག་དྲར་གྱུར་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་གློག་གསོག་ཚད་ལོར་ཆ་སྙོམས་32%འཕར་བའི་མྱུར་ཚད་རྒྱུན་འཁྱོངས་བྱས་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྟེན་གཞི་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་དེས་མཚོ་སྔོན་གྱིས་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ནུས་པ་ཐོན་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཅང་དང་ནུབ་བྱང་དྲ་སྦྲེལ་གྱི་བགྲོད་ལམ་གཉིས་པ་དང་། ཡུལ་ཤུལ་དྲ་སྦྲེལ། མགོ་ལོག་དྲ་སྦྲེལ་སོགས་ལས་གྲྭ་གལ་ཆེན་སྔ་རྗེས་སུ་བསྐྲུན་ཟིན་པ་དང་། ལྷག་པར་དུ་འཛམ་གླིང་གི་ནུས་རྒྱུ་གསར་པ་འདྲེན་པའི་མཚོ་སྔོན་དང་ཧོ་ནན་གྱི་དམིགས་བསལ་མཐོ་གནོན་གློག་དྲ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་བསྟུན་ནས། མཚོ་སྔོན་གློག་དྲ་རང་རྒྱལ་གྱི“ནུབ་གློག་ཤར་འདྲེན”གྱི་བགྲོད་ལམ་གལ་ཆེན་གྱི་གྲས་སུ་གྱུར་ཡོད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་བསྡུར་གྲངས་མཐོ་བའི་དྭངས་གཙང་ཐཱན་ཉུང་ནུས་རྒྱུའི་མ་ལག་འཛུགས་སྐྲུན་ལ་གཞོལ་ནས། 2030ལོར་སླེབས་སྐབས་ནུས་རྒྱུ་གསར་པའི་གློག་གསོག་ཚད་གྱི་བསྡུར་གྲངས་བཟུང་ཚད་80%བར་དང་གློག་གཏོང་ཚད་62%བར་མཐོ་རུ་བཏང་སྟེ། ཞིང་ཆེན་ནང་ཁུལ་དུ་གློག་རང་མཁོ་ཐུབ་ཚད་དང་གཙང་མ་ཡོང་ཚད‘100%གཉིས’མངོན་འགྱུར་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།