འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་25ཉིན།

༄༅།།ལི་ཧྲེང་ཧྥ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་25ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
      མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད་གྱོད་དོན་ཐོ་འགོད་བྱས་པའི་ཀན་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལི་ཧྲེང་ཧྥ་ཡིས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་གྱོད་གཞི་ཚབས་ཆེན་དེར་ཀན་སུའུ་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་བཤེར་བརྟག་དཔྱད་བྱས་པ་དེ་མཇུག་བསྒྲིལ་ཡོད་པ་རེད། 
     ལི་ཧྲེང་ཧྥ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཏང་གཤིས་ཀྱི་རྩ་དོན་དང་རྒྱབ་འགལ་བྱས་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་དོར་བ། ཏང་དང་བློ་འགལ་བྱས་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་དང་ཡང་ཡང་འགལ་བ། བསམ་ངན་ཁོག་བཅུག་གིས་ཐོབ་ཐང་རྫུན་བཟོའི་ཐོག་ནས་རྒྱུ་ནོར་སྦས་གསང་བྱས་པ། རྒོལ་སྲུང་མནའ་མཐུན་བཙུགས་པ། དཔང་རྟགས་རྫུན་བཟོས་བྱས། བསམ་ངན་བཅངས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་དང་བརྟག་དཔྱད་ལ་ཁ་གཏད་འཇལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་གི་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་ཡང་ཡང་དང་ལེན་བྱས་པ། གོང་ཆེའི་རོལ་རྩེད་ཁང་དུ་གང་འདོད་འགྲོ་འོང་བྱས་པ་དང་། ཟ་འཐུང་རྩེད་མོ་བྱས་པ། བག་མེད་ལོངས་སྤྱོད་བྱས་པ། ལག་རྟགས་དང་སྐྱེས་དངུལ་གང་འདོད་བླངས་པ། རྩ་འཛུགས་ཀྱི་རྩ་དོན་སྣང་མེད་དུ་བཞག་པ་དང་རང་སྒེར་གྱི་འབྲེལ་ཡོད་དོན་དག་གསང་ཐབས་བྱས་པ། འགན་དབང་སྤྱོད་ཅིང་གཏན་འབེབས་ལས་འགལ་ནས་མི་གཞན་ལ་མི་དོན་ཁེ་ཕན་དོན་གཉེར་བྱེད་རོགས་བྱས་པས་མ་ཚད་སྐྱེལ་དངུལ་ཡང་བླངས་པ། རང་གི་ལས་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ལས་གྲྭ་སྒྲུབ་འགན་ལོན་ཐབས་བྱེད་པར་ལྐོག་ནས་ཁས་བླངས་པ་དང་རྒྱུ་དངུལ་རག་ཐབས་བྱས་པ། འཇིག་རྟེན་ལྟ་བར་འཁྱོག་སྐྱོན་ཐེབས་ནས་དཔོན་པོ་བྱས་ཚེ་དངུལ་ལེན་དགོས་སྙམ་ཡོད་པ་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བར་ནོར་སྐྱོན་ཐེབས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་ཤུགས་རྐྱེན་ངན་པ་བཟོས་པ་བཅས་དང་། རང་ལུས་མི་གཙང་བའི་དབང་གིས་ཁྱིམ་སྲོལ་ངན་པ་ཆགས་པ་དང་། འདོད་པས་མིག་སྒྲིབ་པ། འགན་དབང་ལ་བརྟེན་ནས་ལས་གྲྭའི་རྣམ་གྲངས་ལ་གང་འདོད་ཐེ་ཇུས་བྱས་པ། ཁྲིམས་འགལ་ཚོང་པ་དང་ལྐོག་འབྲེལ་ངན་སྐྱོར་བྱེད་རེས་བྱེད་པ་དང་ལྐོག་རྔན་འབོར་ཆེན་བླངས་པ། དེའི་བྱ་སྤྱོད་ཀྱིས་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་དང་། ལས་གནས་འཁུར་སའི་ཆབ་སྲིད་ཀྱི་སྣོད་བཅུད་ལ་སྦགས་བཙོག་ཚབས་ཆེན་བཟོས་པ། ལས་གནས་འཁུར་སའི་ས་གནས་ཀྱི་ཚོང་གཉེར་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད། 
     ལི་ཧྲེང་ཧྥ་ཡིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཐོག་ཁྲིམས་འགལ་གྱི་ཉེས་ཚད་གྲུབ་པ་དང་འབྲེལ་ཉེས་བསགས་ཀྱི་དོགས་གནད་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཐ་ན་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་སྔར་བཞིན་རང་ཚོད་མི་བཟུང་བ་དང་། གནས་ཚུལ་ཚབས་ཆེན་ཡིན་པ། ངོ་བོ་ངན་པ་བཅས་ཀྱི་རྐྱེན་པས་ཐག་གཅོད་ནན་མོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀན་སུའུ་ཞིང་ཆེན་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་ཨུ་ལྷན་གྱིས་གྲོས་ཞིབ་བྱས་པ་དང་འབྲེལ་ཀན་སུའུ་ཞིང་ཆེན་ཨུ་ལྷན་ལ་ཆོག་མཆན་ཞུས་པ་བརྒྱུད་ལི་ཧྲེང་ཧྥ་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་། གཞུང་གི་ལས་གནས་ནས་ཕྱིར་འབུད། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བཅས་བྱ་རྒྱུའི་ཐག་བཅད་པ་རེད། 
     ལི་ཧྲེང་ཧྥ་ཡི་ལོ་རྒྱུས་མདོར་བསྡུས། 
     ལི་ཧྲེང་ཧྥ། ཕོ། རྒྱ་རིགས། 1964ལོའི་ཟླ་9པར་སྐྱེས། ཀན་སུའུ་ཀ་ཆུ་ནས་ཡིན་པ། ཀན་སུའུ་ཞིང་ཆེན་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 1983ལོའི་ཟླ་7པར་ལས་ཀར་ཞུགས། 1986ལོའི་ཟླ་12པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། 
     1981ལོའི་ཟླ་9པ་ནས་1988ལོའི་ཟླ་7པའི་བར་ཀ་ཆུའི་དགེ་འོས་སློབ་གྲྭའི་འབྲིང་རིམ་དགེ་འོས་ཆེད་སློབ་དུ་སློབ་སྦྱོང་བྱས། 
     1983ལོའི་ཟླ་7པ་ནས་1984ལོའི་ཟླ་7པའི་བར་ཀ་ཆུ་རྫོང་ཐེ་ཀྲའེ་ཞང་ཞིན་ཧྥ་སློབ་ཆུང་གི་དགེ་རྒན་བྱས། 
     1984ལོའི་ཟླ་7པ་ནས་1990ལོའི་ཟླ་9པའི་བར་ཀ་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ།གཞུང་ལས་ཁང་བཅས་ཀྱི་ལས་བྱེད་པ་བྱས།
     1990ལོའི་ཟླ་9པ་ནས་1993  ལོའི་ཟླ་9པའི་བར་ཀ་ཆུ་ཁུལ་འཕྲོད་བསྟེན་ཅུས་ཀྱི་ལས་བྱེད་པ་བྱས། 
     1993ལོའི་ཟླ་9པ་ནས་1995ལོའི་ཟླ་12པའི་བར་ཀ་ཆུ་ཁུལ་ཨུའི་དྲུང་ཡིག་ཁྲུའུ་ཡི་ལས་བྱེད་པ་བྱས། 
     1995 ལོའི་ཟླ་12པ་ནས་1996ལོའི་ཟླ་10པའི་བར་ཀ་ཆུ་ཁུལ་ཨུ་དྲུང་ཡིག་ཁྲུའུ་དྲུང་ཡིག་ཁོའོ་དང་པོའི་ཁོའོ་ཀྲང་གཞོན་པའི་འགན་འཁུར། 
     1996ལོའི་ཟླ་10པ་ནས་2000ལོའི་ཟླ་4པའི་བར་ཀ་ཆུ་ཁུལ་ཨུ་དྲུང་ཡིག་ཁྲུའུ་དྲུང་ཡིག་ཁོའོ་དང་པོའི་ཁོའོ་ཀྲང་གི་འགན་འཁུར།
     2000ལོའི་ཟླ་4པ་ནས་2002ལོའི་ཟླ་11པའི་བར་ཀ་ཆུ་ཁུལ་ཨུ་དྲུང་ཡིག་ཁྲུའུ་ཁྲུའུ་ཀྲང་གཞོན་པའི་འགན་འཁུར།
     2002ལོའི་ཟླ་11པ་ནས་2005ལོའི་ཟླ་7པའི་བར་ཀོང་ཧོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར། 
     2005ལོའི་ཟླ་7པ་ནས་2006ལོའི་ཟླ་11པའི་བར་ཡུང་ཅིང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་
འཁུར། 
     2006ལོའི་ཟླ11པ་ནས་2009ལོའི་་ཟླ་11བར་ཡུང་ཅིང་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར། 
    2009ལོའི་ཟླ་11པ་ནས་2010ལོའི་ཟླ9པའི་བར་ཁང་ལེ་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར། 
     2010.09-2010.10ཕིང་ལེང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་འོས་མི་ཡིན། 
     2010.10-2016.10ཕིང་ལེང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་འགན་འཁུར། 
     2016.10-2019.05པའེ་དབྱིན་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་གི་འགན་འཁུར། 
     2019.05-2019.06ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ཏང་ཙུའུ་ཡི་ཁོངས་མི་ཡིན། 
     2019.06-2021.05ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པའི་འགན་འཁུར།