འཚོལ་བཤེར།   
藏文频道
2021ལོའི་ཟླ་11ཚེས་9ཉིན།

༄༅།།བློ་བརྟན་འགྱུར་མེད་དང་སྤྱོད་བཟང་སྒྲིག་ནན་གྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་དགོས།

—— བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུཌ་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དཔྱད་གླེང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་09ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་དབྱང་དང་ཀྲའོ་ཁྲེང་།
   ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད་ལ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཡང་ཐུག་ཡོད།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་དུས་མཚམས་གང་དུ་སླེབས་ཀྱང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་དུས་མཚམས་དེར་སླེབས་པར་བྱེད་དགོས་ལ། ནན་པོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་བླང་བྱ་ནན་པོ་ཁྱབ་པ་བྱེད་པ་དང་ཆབས་ཅིག་རང་ངོས་གསར་བརྗེའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཏང་ནང་ཁུལ་དུ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་དོ་དམ་ཐད་བྱེད་ཐབས་ཡོད་པ་དང་། ཏང་སྐྱོང་བའི་ཐད་ནུས་པ་ལྡན་པ། ཏང་འཛུགས་སྐྱོང་ཐད་ཕན་འབྲས་ལྡན་པ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་ལ་ཏང་སྐྱོང་བར་ཏང་ནན་པོས་སྐྱོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བ་མ་ཟད། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པའི་ནན་བཤད་གནང་བ་དང་འབྲེལ་འདུ་ཤེས་དང་། བསམ་ཕྱོགས། བྱ་ཐབས་བཅས་གསར་པ་རབ་དང་རིམ་པ་བཏོན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་བརྟན་དུ་ཕྱིན་པ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་ཏང་འདི་ཉིད་དེ་བས་སྟོབས་ཆེར་ཕྱིན་པ། སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བཅས་བྱུང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།
    འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་ལྟ་སྐབས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནི་དུས་རབས་གསར་པའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་པ་དེར། ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཡང་ཐོན་ཡོད།
    2012ལོའི་ཟླ་12ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཡིག་འབྲུ་600ལྷག་ཙམ་ལས་མེད་ཀྱང་ནང་དོན་ཕུན་སུམ་ཚོགས་པ་དང་བརྟག་དཔྱད་ཞིབ་འཇུག་དང་། ཚོགས་འདུའི་བྱེད་སྒོ། ཡིག་ཆའི་ནང་དོན་གནད་བསྡུས། འཚམས་འདྲིའི་བྱེད་སྒོ། བདེ་སྲུང་ལས་དོན། གསར་འགྱུར་འཕྲིན་སྤེལ། རྩོམ་ཡིག་འགྲེམས་སྤེལ། གྲོན་ཆུང་བསྲི་ཚགས་སོགས་ཕྱོགས་8ཐད་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྒྲིག་ལམ་བཟོས་ཡོད།
    ཐེངས་དེའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཁས་ལེན་དང་འབོད་སྐུལ་དེ་ལྟར་གནང་བ་སྟེ“ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པར་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་དགོས་ལ། དང་ཐོག་ཀྲུང་དབྱང་གི་འགོ་ཁྲིད་ནས་འགོ་འཛུགས་དགོས། རང་ཉིད་ཚུལ་དང་མི་ལྡན་ན། གཞན་ལ་སློབ་གསོ་ཇི་ལྟར་རྒྱག་ཐུབ་ཅེས་པ་ལྟར་ཡིན” “ང་ཚོས་རང་གཅུན་ནན་པོ་ཐུབ་ན། མི་སེར་དེ་བས་སྐྱིད་སྣང་དོད་དུ་དང་བློ་ཡིད་ཚིམ་ཐུབ་པ་མ་ཟད། ང་ཚོ་ཡང་སེམས་ལྷོད་དུ་བབས་ཐུབ། དེ་ཡང་གཟུགས་བརྙན་གསར་པ་དང་རྣམ་པ་གསར་པ་ཞིག་ཀྱང་ཡིན”
   རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཞིག་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད།
   2013ལོའི་ཟླ་དང་པོར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ནན་པོས་སྐྱོང་བའི་ཐད་ཆད་གཅོད་ཀྱི་བྱེད་ཐབས་དེ་ལྷུག་ཏུ་གཏན་ནས་གཏོང་མི་རུང་། ‘སྟག་སྦྲང’མཉམ་དུ་རྡུང་རྒྱུ་མཐའ་འཁྱོངས་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ལ།
   མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཡང་ཐག་གཅོད་ཏན་ཏིག་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ཀྱི་མདུན་དུ་དམིགས་བསལ་མེད་པ་དང་། སུ་དང་འབྲེལ་བ་ཡོད་ཀྱང་རྩད་གཅོད་མཐའ་གཅིག་ཏུ་བྱས་ནས་རྒྱ་ཡན་དུ་གཏོང་མི་ཆོག”ཅེས་ནན་བཤད་གནང་ཡོད།
   གང་བཤད་དོན་འཁེལ་དང་། གང་བྱས་མཐའ་འཁྱོལ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོག་རྐྱེན་མཐའ་དག་སེལ་བའི་བློ་སྟོབས་དང་། ཐུགས་ཐག་ཆོད་པའི་བྱེད་ཐབས་དང་ཁྲིམས་ནན་ཟིང་བཅོས་ཀྱི་ཆོད་སེམས། རུས་འབྲད་དུག་སེལ་དང་དཔའ་བོས་ལག་ངར་གཅོད་ཕོད་པའི་བློ་སྟོབས་བཅས་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམག་འཐབ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་འཐབ་ཇུས་བཏོན་ཡོད་ལ། ལས་དོན་སྤེལ་ཤུགས་སྔར་བྱུང་མྱོང་མེད་པ་དང་ཐོབ་པའི་གྲུབ་འབྲས་ཆེན་པོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད།
   “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་རང་ངོས་གསར་བརྗེ་ཞིག་ཡིན་པས། ཏང་གི་ཡུན་རིང་སྲིད་སྐྱོང་གི་ཆ་རྐྱེན་འོག་རང་ངོས་གསར་བརྗེ་མངོན་འགྱུར་བྱེད་པའི་ནུས་ལྡན་ལམ་བུ་ངེས་པར་དུ་འཚོལ་ཞིབ་བྱ་རྒྱུ་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཕམ་ཇི་ཡོང་དང་འབྲེལ་བ་ཡོད་ལ། ང་ཚོ་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་ཐུབ་མིན་དང་ཡང་འབྲེལ་བ་ཡོད” ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཏང་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་བསྲིངས་ལག་བསྟར་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དུས་དང་རྣམ་པ་ཀུན་ཏུ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བ་བྱེད་དགོས།
   “སྲིད་དོན་སྐྱོང་བའི་འགག་རྩ་ནི་འགྱུར་མེད་ཀྱི་བསམ་པ་ཡོད་པ་དང་། རྒྱལ་སྐྱོང་ནི་རྒྱུན་གཏན་གྱི་གནས་ལུགས་བརྩི་སྲུང་བྱེད་པར་ཐུག་ཡོད” ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ལོ་བརྒྱའི་དཀའ་སྡུག་དང་འོད་སྟོང་བརྒྱུད་པའི་རླབས་ཆེན་སྲིད་ཏང་གིས་དེ་བས་ཞུམ་མེད་སྟོབས་ལྡན་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྡན་པའི་སྒོ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།