འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་27ཉིན།

༄༅།།པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྟགས་མ་ཐོན་བྱུང་།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་27ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མའི་མདུན་ངོས།
2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མའི་མདུན་ངོས། 
     མི་དམངས་དྲ་བའི་འཕྲིན། 2008ལོའི་པེ་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ“གསེར་གྱིས་བཏུམས་པའི་གཡང་ཊི་” ཨོ་ལིན་ཕིག་གི་ལོ་རྒྱུས་ཐོག་གི་དཔེ་མཚོན་དུ་གྱུར་ཡོད། པེ་ཅིང་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་རྒྱུར་ཉིན་100ཡོད་པའི་མཚམས་སུ། “གསེར་གྱིས་བཏུམས་པའི་གཡང་ཊི་”ཡི་ཁྱད་ཆོས་རྒྱུད་འཛིན་བྱས་པའི་གཟེངས་བསྟོད་རྟགས་མ་ཐོན་བྱུང་།
     པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ“སེམས་མཐུན”དངོས་སུ་ཐོན་བྱུང་། གཟེངས་བསྟོད་རྟགས་མ་ནི་སྒོར་གདུབ་ཐོག་སྒོར་ལྟེ་བསྣན་ནས་གྲུབ་པ་དང་། དེ་ནི་ཀྲུང་གོའི་གནའ་རབས་ཀྱི་ལྟེ་མཐུན་སྒོར་དབྱིབས་གཡང་ཊི་གཞི་བྱས་ནས། ཁྱོན་བསྡོམས་ཨ་ལོང་ལྔ་དང་ཨ་ལོང་ལྔ་པོ་སྒོར་ལྟེ་གཅིག་བྱས་ནས་ལྟེ་མཐུན་སྒོར་དབྱིབས་བཟོས་ཡོད་པ་དང་།“གནམ་ས་གཞི་གཅིག་དང་མི་སེམས་མཐུན་པའི”ཀྲུང་ཧྭའི་རིག་གནས་ཀྱི་གོ་དོན་མཚོན་ཡོད་ལ། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱིས་ཨོ་ལིན་ཕིག་གི་སྙིང་སྟོབས་ཀྱི་འབོད་སྐུལ་འོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྟོན་མོ་མཉམ་དུ་ལོངས་སྤྱོད་བྱེད་པ་མཚོན་ཡོད། 
     གཟེངས་བསྟོད་རྟགས་མའི་མདུན་གྱི་སྒོར་གདུབ་དེ་སྲོལ་རྒྱུན་གྱི་རྒྱུད་སྐུད་རི་མོ་ཕབ་པའི་གཡང་ཊི་བཟོ་སྟངས་ལ་དཔེ་བྱས་ཁུག་ལ་ལྷུང་བ་བཟོས་ནས་“ཀྲུང་གོའི་ཁྱད་ཆོས་ལྡན་པའི”ཞིབ་ཆ་བཏོད་དེ་རྟགས་མ་སྔར་བས་འབུར་གཟུགས་ལྡན་ལ་སྤུས་ཚད་མངོན་པར་བྱས་ཡོད།  དེའི་ཁྲོད་ཀྱི་གངས་འཁྱགས་ཀྱི་རི་མོས་དགུན་དུས་ཨོ་རྩལ་གྱི་ཁྱད་ཆོས་མངོན་ཡོད། སྤྲིན་པའི་རི་མོས་བཀྲ་ཤིས་པའི་ནང་དོན་མཚོན་པ་མ་ཟད། 2008ལོའི་ཨོ་རྩལ་འགྲན་ཚོགས་དང་ཕན་ཚུན་འབྲེལ་ཐབས་བྱས་ཡོད། གཟེངས་བསྟོད་རྟགས་མའི་རྒྱབ་ངོས་སྒོར་གདུབ་སྟེང་དུ་བརྐོས་ཡོད་པའི་ཚེག་24དང་འགུལ་སྐྱོད་གཞུ་ཐིག་གི་ནང་དོན་ནི་གནའ་རབས་ཀྱི་གནམ་དཔྱད་རི་མོ་ཡིན། དེས་མུ་མཐའ་མེད་པའི་མཁའ་དབྱིངས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་ཡིན་པ་མཚོན་ལ། ཡང་སྐབས་24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ལུས་རྩལ་པ་སྐར་ཚོགས་བཞིན་བཀྲ་བ་དང་ངོ་མཚར་གྱི་ལེ་ཚན་གསར་པ་རྩོམ་རྒྱུ་མཚོན་ཡོད། གཟེངས་བསྟོད་རྟགས་མའི་འགེལ་ཐག་ཀྱང་ཤར་ཕྱོགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན། སྲོལ་རྒྱུན་གྱི་དར་སྐུད་འཐག་པའི་བཟོ་རྩལ་སྤྱད་པ་དང་། ཁ་དོག་དམར་པོ་བདམས་ནས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཁྱད་ཆོས་དང་འཚམ་པར་བྱས་ཡོད། 
     ད་དུང་སྤྲོ་སྣང་ལྡན་པའི་ཇུས་འགོད་ཀྱི་ཞིབ་ཆ་ཞིག་ཡོད་པ་ནི། དབྱར་དུས་ཨོ་རྩལ་འགྲན་ཚོགས་དང་བསྡུར་ན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་སྤྱིའི་ཆ་ནས་ཅུང་ཆེ་བ་ཡོད། དེ་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གྱོན་ཆས་མཐུག་པོ་ཡིན་པས་གཟེངས་བསྟོད་བྱ་དགའ་ཆུང་དྲགས་ན་མིག་ལམ་དུ་མངོན་གསལ་མིན་པར་བསམ་བློ་བཏང་བ་རེད། ཡང་དང་བསྐྱར་དུ་བསྡུར་བ་བྱས་རྗེས། ཇུས་འགོད་ཚོགས་པས་གཟེངས་བསྟོད་རྟགས་མའི་ཚངས་ཐིག་ལི་སྨི་8.7གཏན་འཁེལ་བྱས། 
     “སེམས་མཐུན”གཟེངས་བསྟོད་རྟགས་མའི་བཟོ་དབྱིབས་བབ་ཆགས་ཤིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི“སྟབས་བདེ་དང་བདེ་འཇགས། ངོ་མཚར་ཅན”བཅས་ལམ་ནས་འགྲན་བསྡུར་གཉེར་བའི་བླང་བྱ་མངོན་པ་དང་། དུས་མཚུངས་སུ་2008ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་དང་ཕན་ཚུན་གཅིག་རམ་གཅིག་འདེགས་ཀྱིས་“ཨོ་ལིན་ཕིག་ཟུང་གི་གྲོང་ཁྱེར”གྱི་རིག་གནས་རྒྱུད་འཛིན་བྱས་པའང་མངོན་ཡོད།  
     གཟེངས་བསྟོད་རྟགས་མས་ཨོ་ལིན་ཕིག་གི་སྙིང་སྟོབས་ལ་བསྟོད་པ་དང་ལུས་རྩལ་པའི་གཟི་བརྗིད་མཚོན་ཡོད། ང་ཚོས་མཉམ་དུ་ཉིན་100ཡི་རྗེས་སུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ལུས་རྩལ་པས“སེམས་མཐུན”གྱི་གཟེངས་བསྟོད་རྟགས་མ་འདོགས་པའི་གཟི་བརྗིད་ཀྱི་དུས་ལ་རེ་སྒུག་བྱ། ཉིན་100ཡི་རྗེས་ང་ཚོ་པེ་ཅིང་ནས་མཇལ་ཡོང་། 
【1】  【2】
2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མའི་རྒྱབ་ངོས།
2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མའི་རྒྱབ་ངོས།