འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་25ཉིན།

༄༅།།ལེ་དབར་སྟོང་གི་སར་ནད་བརྟག་སྨན་བཅོས་བྱེད་པར་བསྐྱོད་པ།

—— ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཞིག་ས་བབ་མཐོ་སར་གཤགས་བཅོས་བྱེད་པར་བསྐྱོད་པའི“བོད་སྐྱོར་བརྩེ་བ”

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་25ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་ལྗོངས་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་ཀོང་ཀྲོའུ་ནས་འཕུར་ཡོང་བའི་CA3477རྟགས་ཅན་གྱི་རྒྱུན་ཚུགས་གནམ་གྲུ་ཞིག་དལ་བུར་བབས་པ་དང་། མི་ཚོགས་ཁྲོད་དམིགས་བསལ་གྱི་འགྲུལ་པ་ཞིག་གནམ་གྲུ་ལས་བབས་རྗེས་ཐད་ཀར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱོད་དེ་དམིགས་བསལ་གྱི་གཤགས་བཅོས་ཤིག་བྱས་པ་རེད།
     འགྲུལ་པ་དེ་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོ་སྨན་ཁང་གི་ཡོན་ཀྲང་སྨན་པ་སུང་ཨར་ཝེ་རེད།
     ནད་པ་དེར་ནུ་མའི་འབྲས་སྐྲན་ཕོག་ནས་ཡུན་རིང་སོང་ཞིང་། གཞོགས་འདེགས་སྨན་བཅོས་བྱེད་ཐབས་གསར་པ་བྱས་ནས་ད་ཆ་གཤགས་བཅོས་བྱེད་པའི་དུས་མཚམས་སུ་བསླེབས་ཡོད། ཆུ་ཚོད་11དང་སྐར་མ་10ལ་སུང་ཨར་ཝེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གཤགས་བཅོས་ཁང་གཉིས་པའི་གཤགས་བཅོས་སྟེགས་བུའི་ཐོག་ལངས་ནས་ནད་པ་དེར་དངོས་སུ་གཤགས་བཅོས་བྱེད་འགོ་ཚུགས།
     རྒྱལ་ནང་གི་ནུ་མའི་འབྲས་སྐྲན་གསོ་བཅོས་ཁྱབ་ཁོངས་ཀྱི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡིན་པའི་ངོས་ནས་སུང་ཨར་ཝེ་ལ་མཚོན་ན། གཤགས་བཅོས་དེ་ནི་དེ་འདྲའི་ཁག་པོ་ཞིག་མ་རེད། སྐར་མ་40ཡི་རྗེས་སུ། ནད་པའི་འབྲས་སྐྲན་རྦད་དེ་བཀོག་ཅིང་དབང་རྩ་དང་ཁྲག་རྩ་ཚང་མ་སོར་ཉར་ཐུབ་ནས་ཚེ་སྲོག་བདེ་འཇགས་བྱུང་བས་ནད་ཁང་དཀྱུས་མར་སྤོས་པ་རེད།
     ཟླ་9ཚེས་29ཉིན། བོད་ལྗོངས་ཉིང་ཁྲི་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་དུ་ཡོན་ཧྲི་སུང་ཨར་ཝེ་ཡིས་ནུ་མའི་འབྲས་སྐྲན་ཕོག་པའི་ནད་པ་ཞིག་ལ་གཤགས་བཅོས་བྱེད་བཞིན་ཡོད་པ་རེད།
     “ཡོན་ཧྲི་སུང་ཨར་ཝེ་ཡི་གཤགས་བཅོས་འདི་ནི་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཉེ་བའི་ལོ་10རིང་བྱས་པའི་ནུ་མའི་འབྲས་སྐྲན་བཀོག་པའི་གཤགས་བཅོས་ཐེངས་དང་པོ་དེ་ཡིན”“ཆ་རྐྱེན་ཞན་པའི་རྐྱེན་གྱིས། ང་ཚོའི་སྨན་ཁང་ལ་འབྲས་སྐྲན་གསོ་བཅོས་ལྟེ་གནས་མེད་པས། ས་གནས་འདི་གའི་འབྲས་སྐྲན་ཕོག་པའི་ནད་པ་ཚང་མ་སི་ཁྲོན་ནམ་ཁྲུང་ཆིང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཝང་ཧྲེང་གིས་བཤད།
     ཉིང་ཁྲིའི་ས་བབ་མཐོ་ཚད་སྨི་3000ཡིན་ལ། འདི་ནི་ཡོན་ཧྲི་སུང་ཨར་ཝེས་ནུ་མའི་འབྲས་སྐྲན་གཤགས་བཅོས་ཐེངས་3000ལྷག་ཙམ་བྱས་པའི་ཁྲོད་ཀྱི་ས་བབ་མཐོ་ཤོས་ཀྱི་གཤགས་བཅོས་བྱེད་ཐེངས་ཤིག་རེད།
     “ལེ་དབར་སྟོང་གི་སར་ནད་པར་གཤགས་བཅོས་བྱེད་པར་བསྐྱོད་པའི”གཏམ་རྒྱུད་འདི་ནི། ཀྲུང་ཧྲན་སློབ་ཆེན་གསོ་རིག་ཚན་ཁག་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལོ་མང་རིང་རྒྱབ་སྐྱོར་བྱས་པའི་བསྡུས་རིས་ཤིག་ཡིན་ལ། ཀྲུང་ཧྲན་སློབ་ཆེན་གྱི་ཉེ་བའི་ལོ་20རིང་གི་འགྱུར་བ་མེད་པའི“བོད་སྐྱོར་བརྩེ་བ”ཡང་ཡིན།
     ཀྲུང་ཧྲན་སློབ་ཆེན་གྱིས་2002ལོ་ནས་བཟུང་བོད་སྐྱོར་བྱེད་འགོ་ཚུགས་ཤིང་། འདི་ལོ་ནི་བོད་སྐྱོར་བྱེད་པའི་ལོ་ཉི་ཤུ་པ་དེ་རེད། 2015ལོ་ནས་བཟུང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བརྒྱུད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཀྲུང་ཧྲན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་ཁག་དབར་མཛའ་བརྩེ་ཟབ་མོ་ཆགས་ཡོད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་སྨན་ཁང་ལ་ཆེད་ཚན་འཛུགས་སྐྱོང་བྱེད་རོགས་བྱས་པ་མ་ཟད། ད་དུང་སྨན་བཅོས་སྒྲིག་ཆས་ཞལ་འདེབས་བརྒྱབ་ནས། ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་མཐོང་ནད་གཞི་གསོ་བཅོས་བྱེད་པའི་དགོས་མཁོ་བསྐངས་པ་དང་ཆབས་ཅིག་འབྲས་སྐྲན་ལ་འགྲན་སློང་ཡང་བྱས་པ་རེད།