འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་21ཉིན།

༄༅།།སློབ་ཆེན་དགེ་རྒན་འདིའི་སློབ་ཁྲིད་ལ་དགའ་བསུ་ཆེན་པོ་ཐོབ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་21ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཝུའུ་ཧན་སློབ་ཆེན་གྱི་སློབ་ཐུན་གཅིག་གི་སློབ་ཁྲིད་རྣམ་པར་དྲ་རྒྱའི་ཐོག་དོ་སྣང་ཆེན་པོ་བྱུང་བ་རེད། པར་ངོས་ཐོག་སློབ་མ་མི་ཉུང་བས་སློབ་ཁང་གི་ཕྱི་རོལ་དུ་རྐང་པ་ཡར་བཀྱགས་ནས་སྒེའུ་ཁང་ལ་འཁེན་ནས་ནན་ཏན་ངང་ཉན་གྱིན་ཡོད།
     གསར་འགོད་པས་ཝུའུ་ཧན་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་ཐུན་དེ་ནི་ཝུའུ་ཧན་སློབ་ཆེན་མཚན་ཉིད་རིག་པའི་སློབ་གླིང་སེམས་ཁམས་རིག་པ་ཚན་ཁག་གི་དགེ་རྒན་ཆེན་མོ་བ་དང་། ཚན་ཁག་གི་ཀྲུའུ་རེན། འབུམ་རམས་པའི་སློབ་དཔོན་ཡུས་ཧྥེང་གི《མཛའ་གྲོགས་སྒྲིག་པའི་སེམས་ཁམས་རིག་པ》ཞེས་པ་དེ་རེད། ཉིན་དེར། སློབ་ཁང་དུ་སློབ་མས་ཁེངས་ཤིང་། གྲལ་གཞུག་ཏུ་ཡང་མིས་ཁེངས་འདུག  འཚང་ཁ་བྱེད་ས་མེད་པའི་སློབ་མ་ཚོས་སློབ་ཁང་ཕྱི་ནས་ཟུར་ཉན་བྱས་པ་རེད། 
     “ཚང་མས་སྐྱོན་བྲལ་གྱི་དགའ་རོགས་ཤིག་སྒྲིག་རྒྱུ་དང་དགེ་མཚན་ལྡན་པའི་འབྲེལ་བ་ཞིག་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད།” དེ་ནི་ཡུས་ཧྥེང་གིས་འཆད་ཁྲིད་བྱ་རྒྱུའི་ཐོག་མའི་བསམ་འདུན་ཞིག་རེད། སློབ་གྲོགས་ཚོའི་བསམ་ཡུལ་ལས་འདས་པའི་སྤྲོ་སེམས་ཀྱིས་ཡུས་ཧྥེང་ལ་སྤྲོ་བ་སྤྲད་བྱུང་།  “འདི་ནི་བརྩེ་དུང་ལ་བཅངས་པའི་རེ་བ་ཡིན་ལ། སེམས་ཁམས་རིག་པའི་ཤེས་བྱ་ལ་བཅངས་པའི་རེ་བའང་རེད། ང་རང་ཉིད་ལ་མཚོན་ནའང་སྐུལ་མ་ཞིག་ལོས་ཡིན”ཞེས་ཁོང་གིས་དེ་ལྟར་བཤད། 
     སློབ་ཚན་འཚོག་སྐབས། ཡུས་ཧྥེང་གིས་བརྩེ་དུང་གི་སེམས་ཁམས་རིག་པའི་གཞི་རྩའི་རིགས་པའི་གཞུང་ལུགས་གཙོ་བོར་བྱས་ནས་མཛའ་གྲོགས་སྒྲིག་པའི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ཏེ་མཛའ་གྲོགས་འཚོལ་བ་དང་། འགོ་ཚུགས་པ། མཇུག་བསྒྲིལ་བའམ་ཡང་ན་རྒྱུན་འཁྱོངས་བྱེད་པ་སོགས་སློབ་གྲོགས་ཚོས་དོ་ཁུར་བྱེད་པའི་གནད་དོན་ལ་རིམ་པ་བཞིན་འགྲེལ་བཤད་བརྒྱབ་སྟེ“བརྩེ་དུང”ལྐོག་གྱུར་གྱི་ཡོལ་རས་རེ་རེ་བཞིན་ཕྱེ་བ་རེད། 
     དོན་ངོ་མ་བདེ་ཐང་གི་བརྩེ་དུང་ནི་ཅི་འདྲ་ཞིག་ཡིན་ནམ། ཡུས་ཧྥེང་གིས་བཤད་དོན། བདེ་ཐང་གི་མཛའ་གྲོགས་འབྲེལ་བ་ནི་ཁོ་གཉིས་ཀྱིས་ཕན་ཚུན་ལ་བདག་སྐྱོང་བྱེད་པ་ལས་སྒེར་སེམས་བཅངས་བ་མིན་པ་དང་། ཚང་མས་རང་ཉིད་དང་ཕ་རོལ་བོའི་འབྲེལ་བར་བསམ་གཞིག་བྱེད་པ། བརྩེ་བ་ཟབ་པའི་ཚོར་སྣང་ཡོད་ལ་ཕན་ཚུན་ལ་ཁས་ལེན་དམ་བཅའ་ཡང་ཡོད་པ། ད་དུང་ཐོག་མཐའ་བར་གསུམ་དུ་ཐོག་མའི་ཚོར་སྣང་རྒྱུན་འཁྱོངས་བྱེད་ཐུབ་པ་བཅས་རེད། 
     “དེ་ནི་གོང་ཁེའི་སེམས་འགུལ་ཐེབས་པ་ལ་བརྟེན་ནས་ཧོལ་རྒྱུག་གི་གདམ་ག་བྱས་པའི་ཤེས་རྟོགས་དོ་མི་སྙོམས་པ་ཞིག་མིན་དགོས། ཚད་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན། དགའ་བ་དེ་ཡང་ཕན་ཚུན་འཚམ་པ་དང་། ཕན་ཚུན་ལ་བསྟུན་པ། ཕན་ཚུན་མཐུན་ཐབས་བྱེད་པ་བཅས་ཡིན། དེ་ནི་ཕན་ཚུན་གྱི་འདོད་བློ་སྐོང་བ་ལས་བློས་གཏོང་བྱེད་པའམ་ཡང་ན་གྲུབ་འབྲས་ཐོབ་པ་ཁོ་ན་བྱེད་པ་ཞིག་མ་རེད”ཅེས་གསུངས་པ་རེད། ཡུས་ཧྥེང་གི་སློབ་ཁྲིད་ལ་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ། 
     “མར་ལ་སྤུ་དང་གསེར་ལ་བྱེ་མ་ལྟ་བུའི་སྒྱུ་རྩལ”དང་། “འབྲེལ་བའི་མཐའ་མའི་སྐྱ་མི་བཞི” “མཛའ་གྲོགས་སྒྲིག་པའི་ས་བཀྲ”སོགས་གཅིག་རྗེས་གཉིས་མཐུད་ཀྱི་མིང་ཚིག་གསར་པ་དགོད་བྲོ་བའི་པར་རིས་དང་འབྲེལ་ནས་བཤད་པ། ཚན་རིག་དང་མཐུན་ཞིང་ཁུངས་བཙུན་པའི་ཤེས་བྱ་དག་རྩེད་མཚར་གྱིས་འགྲེལ་ཡོང་། ཡུས་ཧྥེང་གིས་གཞི་རྒྱུ་སྣ་ཚོགས་མཉམ་བསྲེས་བྱས་ནས་སློབ་མ་ཚོའི་སྤྲོ་སེམས་འཕེལ་བར་བྱེད་ཀྱི་ཡོད། 
     གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རྒྱལ་ནང་གི་མཐོ་སློབ་མང་པོས་མཛའ་གྲོགས་སྒྲིག་པའི་སེམས་ཁམས་རིག་པའི་ཐད་ཀྱི་འབྲེལ་ཡོད་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་མ་ཟད། དེ་ནི་སློབ་གྲྭའི“སློབ་ཚན་ཚ་ཤོས་”ཤིག་ཏུ་གྱུར་ཡོད་པ་རེད། 2013ལོ་ནས་བཟུང་ཧྭ་ཤར་དགེ་འོས་སློབ་ཆེན་གྱིས་“གཉེན་སྒྲིག་དང་བརྩེ་དུང་”ཞེས་པའི་འདེམས་སྦྱོང་སློབ་ཚན་ཞིག་བཀོད་སྒྲིག་བྱས་པ་དང་མིང་ཐོ་འགོད་མཁན་མི་གྲངས་དེ་སློབ་ཁང་གི་གཞི་ཁྱོན་ལས་ཆེས་ཆེར་བརྒལ་བ་དང་། 2014ལོར་ནན་ཅིང་སློབ་ཆེན་གྱིས་“སྐབས་དང་པོའི་སློབ་རའི་མཛའ་གྲོགས་སྒྲིག་པའི་ཡོངས་བསྒྲགས་སློབ་ཚན”གཉེར་བ་དེའི་ནང་ནང་དོན་ཁག་5ཚུད་ཡོད་པ་དང་། 2016ལོའི་ཟླ་3པར་ཐེན་ཅིན་སློབ་ཆེན་གྱིས་མིང་ལ“མཛའ་གྲོགས་སྒྲིག་པའི་རིགས་པའི་གཞུང་ལུགས་དང་ལག་ལེན”ཞེས་པའི་མཛའ་གྲོགས་སྒྲིག་པའི་སློབ་ཚན་དངོས་སུ་ཁྲིད།         རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་གིས་མཐོ་སློབ་ཏུ་མཛའ་གྲོགས་སྒྲིག་པའི་སློབ་ཚན་བཙུགས་པ་དེས་སློབ་ཆེན་སློབ་མས་བརྩེ་དུང་གི་འདུ་ཤེས་ཡང་དག་འཛུགས་པ་དང་སློབ་ཆེན་སློབ་མར་མཛའ་གྲོགས་སྒྲིག་པའི་ཁྲོད་ཐོན་པའི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱ་རྒྱུར་ཁྲིད་སྟོན་ཐུབ་ནས་སློབ་སྦྱོང་དང་བརྩེ་དུང་དེ་བས་ལེགས་པའི་སྒོ་ནས་ཐག་གཅོད་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།