འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།ཀྲའོ་ལི་ཅན་གྱིས་ཨ་རིར་སྐྱོན་བརྗོད་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཧྲེ་མན་གྱིས་ཉིན་ཤས་གོང“ཨ་རི་ཕྱོགས་ཀྱིས་དགོས་ངེས་སྐབས་ཀྲུང་གོ་ཕྱོགས་དང་འགྲན་རྩོད་བྱ་རྒྱུ། ཨ་རི་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཁེ་ཕན་དང་འཚམ་པའི་གནས་ཚུལ་འོག་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུ་དང་ཆབས་ཅིག་ཏུ་དགོས་ངེས་སྐབས་ཀྲུང་གོར་འགྲན་སློང་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ་10ཚེས་18ཉིན་བཤད་དོན། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཏམ་བརྗོད་ཀྱི་ངོ་བོ་ནི་འགྲན་རྩོད་ཀྱི་མིང་གཡར་ནས་ཀྲུང་གོར་བཀག་འགོག་དང་དྲག་གནོན་བྱེད་པའི་མིག་སྒྲིབ་ཐབས་ཤིག་ཡིན་ཞིང་། དེའི་རྩ་བ་ནི་ཨ་རིས་ཀྲུང་གོ་འདི་ཉིད་འཐབ་ཇུས་ཀྱི་འགྲན་རྩོད་ཁ་གཏད་དུ་བརྩི་བའི་ནོར་འཁྲུལ་གྱི་ངོས་འཛིན་མཁྲེགས་བཟུང་མཐའ་གཅིག་བྱས་པས་རེད། 
     ཀྲའོ་ལི་ཅན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་རྒྱ་ཆེ་ཞིང་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོར་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སུ་འགྲན་རྩོད་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་འགྲན་རྩོད་ལ་བརྟེན་ནས་ཀྲུང་ཨའི་འབྲེལ་བ་ཡོངས་རྫོགས་ལ་མཚན་ཉིད་འཇོག་མི་རུང་། “ངེས་པར་དུ་བསྟན་དགོས་པ་ཞིག་ནི། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་དམའ་འབེབས་ནག་ཉེས་འགེལ་བ་དེ‘འགྲན་རྩོད’མིན་ལ། འབྲེལ་འདོན་གཉིས་གཅོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་ཀྲུང་གོའི་ཁེ་ལས་དྲག་གནོན་བྱེད་པ‘འགྲན་རྩོད’མིན་པར། ཀྲུང་གོའི་མཐའ་འཁོར་དུ་དམག་དོན་གྱི་སྟོབས་ཤུགས་བཀོད་སྒྲིག་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཀྲུང་གོར་ངོ་རྒོལ་བྱེད་པའི‘ཚོགས་པ’སྣ་ཚོགས་འཛུགས་རྒྱུ་དེ‘འགྲན་རྩོད’དེ་བས་མིན།”
     ཁོང་གིས་བཤད་དོན། ཨ་རི་ཕྱོགས་ཀྱིས་འཇམ་འཐབ་མཐུན་མེད་བསམ་བློ་དོར་ནས་ཀྲུང་གོ་དང་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ཀྲུང་ཨའི་འབྲེལ་བའི་གཉིས་ཁེ་གཉིས་ཕན་གྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱེད་པ། ཚུལ་མཐུན་དངོས་གཉེར་གྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་ལག་ལེན་བསྟར་བ་བཅས་བྱེད་དགོས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ནས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས་། མཉམ་ལས་གཉིས་ཕན་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།